༉ ཁ་ཙ་ ག་ནི་བ་གལ་ཆེ་བའི་ཉིནམ་བརྩི་སྲུང་ཞུ་སར་ འབྲུག་མི་ཆེ་འབྲིང་ཆུང་གསུམ་ག་ར་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༧ པ་དེ་ བརྩི་སྲུང་ཞུ་སར་ མི་དབང་རྒྱལ་བློན་འབངས་གསུམ་ ཐུགས་མཐུན་རྣམ་དག་གི་སྒོ་ལས་ ག་ར་གིས་ སྤྲོ་བ་སྦོམ་བསྐྱེད་དེ་ གཅིག་མཐུན་གྱི་ཐོག་ལུ་ བརྩི་སྲུང་ཞུ་ཡི།
དུས་ཅི་གི་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༧ པ་དེ་ འབྲུག་གི་རྒྱལ་ས་ལྟེ་བ་ ལྕང་གླིང་མི་ཐང་ནང་སྦེ་ བརྩི་སྲུང་ཞུ་སར་ མི་སེར་ཚུ་ སག་ལང་སྟེ་ ཕྱི་རུ་ལས་ར་ ཐང་ནང་དཔུངས་ནི་འགོ་བཙུགས་མི་དེ་ རྒྱལ་ཁབ་ཀྱི་ རྒྱ་ཁྱོན་ཡངས་པའི་བརྩི་མཐོང་ གཞན་དང་མ་འདྲཝ་ཅིག་སྦེ་ར་ ཚོར་སྣང་བྱུང་དོ་ཡོདཔ་ཨིན་པས།
རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་སར་ མི་དབང་ཡབ་མེས་སྲས་གསུམ་གི་གཙོས་ སྐུ་འཁོར་ལྷན་རྒྱས་དང་ བློན་འབངས་ཡོངས་ཀྱིས་ དད་དམ་ལྷད་མེད་དུ་ གཅིག་མཐུན་གཙང་མའི་སྒོ་ལས་ བརྩི་སྲུང་ཞུཝ་ད་ རྒྱལ་ཁབ་མཐའ་དབུས་མེད་པར་ ག་ར་བག་ཕེབས་ཏོག་ཏོ་ བྱུང་ཡོདཔ་ཨིན་པས།
འབྲུག་གི་རྒྱལ་ཡོངས་དུས་ཆེན་དེ་ ག་ནི་བ་གལ་ཆེ་བའི་ དུས་ཆེན་ཁྱད་དུ་འཕགས་པ་ཅིག་འབད་ནི་དེ་གིས་ མི་མང་ཡོངས་ཀྱི་སེམས་ཁར་ དུས་ཆེན་གྱི་སྐབས་ལུ་ བཅའ་མར་གཏོགས་ནི་ལུ་ སག་ལང་སྟེ་ར་ སྡོད་སར་མཐོངམ་ཨིན་པས།
དུས་སྟོན་བརྩི་སྲུང་གི་ཉིནམ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐིམ་ཕུག་རྒྱལ་ས་ལྟེ་བ་ ལྕང་གླིང་མི་ཐང་ནང་ལས་སྦེ་ རྫོང་ཁག་༢༠ འི་མི་སེར་ཡོངས་ལུ་ བཀའ་སློབ་གསེར་གྱི་ཐིགས་པ་གི་ གསུངས་བཤད་གནང་ཡི།
གསུངས་བཤད་གནངམ་ད་ བཅུད་དོན་ངོ་མ་དེ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་སྐོར་ལས་ གསུངས་གནངམ་མ་ཚད་ རྒྱལ་ཁབ་ནང་ ད་ལྟོ་ གོང་འཕེལ་གྱི་ལས་སྣ་ མང་རབས་ཅིག་འབད་དགོཔ་ ཡོད་པའི་སྐོར་ལས་ཡང་ གསུངས་ཡི།
ང་བཅས་ཀྱི་ རྒྱལ་ཁབ་ནང་ གནད་གལ་ཆེ་ཤོས་དེ་ དད་དམ་གཙང་མ་དང་ གུས་ཞབས་ གཅིག་མཐུན་ཚུ་ལུ་ གཙོ་རིམ་སྒྲིག་སྟེ་ འབད་བ་ཅིན་ བློ་བདེ་ཏོག་ཏོ་སྦེ་ བློ་གཏད་ཚུགས་ནི་མས་ཟེར་ཨིན་པས།
མི་སེར་གྱིས་ རྒྱལ་ཡོངས་དུས་ཆེན་ནང་ འོང་མི་ལུ་ ཐུགས་ངལ་རངས་ཡོད་ཟེར་ གསུངས་པའི་ཁར་ དུས་ཅི་གི་རྒྱལ་ཡོངས་དུས་ཆེན་སྐབས་ ཕྱིའི་མགྱོནམོ་ཡང་ ལེ་ཤ་ཅིག་ར་འཛོམས་ཡོད་ཟེར་ གསུངསམ་མ་ཚད་ ལྷག་པར་དུ་ ཁྱིམ་ཚང་རྒྱལ་ཁབ་ཀྱི་ ཨ་སཱམ་མངའ་སྡེའི་ གཙོ་འཛིན་བློན་པོ་གིས་ དུས་ཆེན་ནང་བཅའ་མར་གཏོགས་མི་ལུ་ དགའ་ཚོར་ཡོད་ཟེར་ གསུངས་ཡི།
རྒྱལ་ཡོངས་དུས་ཆེན་དེ་ རྩ་ཆེ་ཤོས་ཅིག་སྦེ་ བརྩི་སྲུང་ཞུ་དགོ་མི་དེ་ རྒྱལ་བ་གོངམ་ དྲིན་ཅན་གྱི་ཕམ་ རྒྱལཔོ་རིམ་བྱོན་ཚུ་གི་ བཀྲིན་དགའ་ཚོར་སེམས་ཁར་དྲན་ ད་ལས་ཕར་འགོ་བཙུགས་ རྒྱལ་ཁབ་ཀྱི་ ཕྱག་ལཱ་མཛད་རིགས་མཛད་ཚད་ཅིགཔོ་ ང་བཅས་མི་སེར་གྱིས་ར་ དྲནམ་བཏོན་ རྩ་འགེངས་ཏེ་ འགན་ཁུར་འབག་སྟེ་ ཕྱག་ཞུ་འོང་ཟེར་བའི་ ཁས་བླངས་དམ་བཅའ་ཕུལ་བའི་ ཉིནམ་ཅིག་ཨིན།
དུས་ཅི་གི་ལོ་ནང་ རྒྱལ་ཁབ་ཀྱི་ཕྱག་ལཱ་མཛད་རིགས་མཛད་ཚད་ རྐྱེན་བར་ཆད་ག་ནི་ཡང་མེད་པར་ མཛད་གནང་ཚུགས་ཅི་ དེ་ལས་ རྒྱལ་ཡོངས་ཀྱི་བཙག་འཐུ་ཡང་ འགོ་འདྲེན་འཐབ་ དེ་ཡང་ རྒྱལ་ཁབ་གཞན་ཁར་འབད་བ་ཅིན་ སྲིད་ཀྱི་ལཱ་འབད་ནི་དེ་གིས་ སྟབས་མ་བདེཝ་ཐོན་དོ་ཡོད་རུང་ ང་བཅས་རྒྱལ་ཁབ་ནང་ དུས་ནམ་ཡང་ འདི་བཟུམ་གྱི་སྟབས་མ་བདེཝ་ མ་ཐོན་མི་དེ་ ང་བཅས་མི་སེར་ཚུ་གིས་ར་ འགན་འབག་སྟེ་ རྩ་འགེངས་ཕྱག་ཕྱིད་ཞུ་བའི་ རྟགས་མཚན་ཨིན།
རྒྱལ་ཁབ་ནང་ བསམ་གྱིས་མ་ཁྱབ་པའི་ ངལ་རངས་སྦོམ་ཤོས་འདི་ བདེ་སྲུངཔ་དང་ རྒྱལ་སྲུངཔ་ཨིན་ཟེར་ གསུངས་པའི་ཁར་ སྤྱིར་བཏང་བདེ་སྲུངཔ་ཟེར་སླབ་རུང་ འབྲུག་པའི་ན་གཞོན་ཚུ་ཨིནམ་ད་ གྱངས་ཁ་ལས་བཅད་རུང་ སྟོང་ཕྲག་ལྔ་བཅུ་ལྷགཔ་ཅིག་གིས་ བདེཝ་སྦེ་མ་སྡོད་པར་ བདེ་སྲུང་རིག་རྩལ་ལས་རིམ་ནང་ སྦྱང་བ་འབདཝ་མ་ཚད་ རྫོང་ཁ་༢༠ རྒེད་འོག་༢༠༥ ནང་ དུས་ནམ་ར་འབད་རུང་ ཁག་ཆེ་བའི་སྐབས་སུ་ འགན་ཁུར་འབག་སྟེ་ ཕྱག་ཕྱིད་ཞུ་དོ་ཟེར་ཨིནམ་ད་ ཡུན་བརྟན་གྱི་ཕྱག་ལཱ་ རྒྱལ་ཁབ་ཀྱི་ཁྱད་དུ་འཕགས་པའི་གཞི་འགྱམ་ རྩ་ཆེ་ཤོས་ཅིག་དེ་ རྒྱལ་སྲུང་ཟེར་མི་དེ་ཡང་ དུས་ཅི་ལས་ འགོ་བཙུགས་ཅི་ཟེར་ཨིན་པས།
རྒྱལ་སྲུང་འགོ་བཙུགས་པའི་སྐབས་ལུ་ཡང་ ཁྱེད་ར་གིས་ ཨིན་ཊར་ནེཊ་ རྒྱང་མཐོང་ཊི་བི་ བི་ཌོ་ཚུ་ག་ར་ནང་ མཐོང་མཐོངམ་འོང་ ན་གཞོན་ཚུ་གིས་ སྤྲོ་བ་ག་དེམ་ཅིག་བསྐྱེདཔ་མས་ག་དང་ རྩ་ག་དེམ་ཅིག་འགེངསམ་མས་ག་ དེ་ལས་ ཁོང་གིས་ སྦྱོང་བརྡར་མཐར་འཁྱོལ་ཏེ་ ཁྱིམ་ནང་ལོགཔ་ད་ཡང་ ཕམ་སྤུན་ཆ་ག་ར་འཛོམས་ རྟེན་འབྲེལ་གྱི་ཐོག་ལས་ མཛར་ཅུམ་འབད་ དགའ་ཚོར་གྱི་ཐོག་ལས་ ལྟག་ལྐོག་ཁ་ལུ་ དར་བཏགས་ཏེ་འབད་དོ་ཡོདཔ་ད་ རྒྱལ་སྲུངཔ་ཚུ་ ཧེ་མ་དང་ཕྱདཔ་ད་ ང་བཅས་རའི་ན་གཞོན་ཚུ་ འཇའ་ཆི་ཆི་ སྒྲིང་སྒྲི་ ཚ་ཐང་ཐ་སྦེ་ རང་གི་ཨཔ་དང་ ཨའི་ཕྱདཔ་ད་ལུ་ སྟི་སྭ་ཟེར་ ས་ལམ་རྐྱབ་མས་ཟེར་གསུངས་ཡི།
ད་ལྟོ་ ཕྱག་ལཱ་འགོ་བཙུགས་པའི་བསྒང་ལས་ར་ རྟགས་མཚན་དེ་ སྦོམ་སྦེ་བཏོན་དོ་ དེ་འབདཝ་ལས་ འདི་བཟུམ་གྱི་གྲུབ་འབྲས་བཏོན་ཚུགས་མི་དེ་ དྲག་ཁག་གསུམ་གྱི་ དམག་མི་ཚུ་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ གསུངས་མི་དེ་ཡང་ དྲག་ཁག་གསུམ་གྱི་ འགོ་དཔོན་ དམག་སློབ་ དམག་མི་ཚུ་གིས་སྦེ་ རྡོགཔ་འདྲེགས་ཏེ་གི་འབད་ ངལ་མ་འཚོ་བར་ཕྱག་ཞུ་ཡི་ཟེར་ཨིན་པས།
རྒྱལ་ཁབ་ནང་ ཕྱག་ལཱ་དེ་ ལོ་གཅིག་བ་ལོ་གཅིག་ མང་སུ་མང་སུ་ འགན་ཁུར་དེ་ཡང་ ལོ་གཅིག་བ་ལོ་གཅིག་ཐེབས་སྦེ་ར་ འགྱོ་དོ་ཡོདཔ་ལས་ འདི་ཚུ་ལུ་ ང་བཅས་མི་སེར་ཚུ་ ཧེ་མ་དང་ཕྱདཔ་ད་ ད་རེས་ སྒྲིང་སྒྲི་ཡོད་པའི་གུ་ ན་གཞོན་ཚུ་ར་འབད་རུང་ ད་རེས་སྒྲིང་སྒྲི་ཡོད་ ང་བཅས་ཀྱི་ ཨ་ལུ་ཚུ་ འབད་ཚུགས་བཅའ་ཚུགས་པའི་ ལྕོགས་གྲུབ་འདུག་ འགན་ཁུར་འབག་ཚུགས་པའི་ངར་ འབད་ཤེས་པའི་རིག་པ་ འཇིགས་སྣང་མེད་པའི་སྙིང་སྟོབས་ རྒྱལ་བློན་འབངས་གསུམ་གྱི་དམ་ཚིག་དེ་ གཙང་ཏོག་ཏོ་ཡོད་པའི་གུ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ སྟོབས་ཤུགས་ངོ་མ་དེ་ར་ རྒྱལཔོ་དང་མི་སེར་ ཁྱིམ་གཅིག་ནང་གི་ བཟའ་ཚང་བཟུམ་སྦེ་ གཅིག་མཐུན་གྱི་ཐོག་ལས་ དམ་ཚིག་དཔངས་བཙུགས་ཏེ་ ཕྱག་ལཱ་གནང་ནི་འདི་ གལ་ཆེཝ་སྦེ་གསུངས་ཡི།
ན་ཧིང་ རྒྱལ་ཡོངས་དུས་ཆེན་སྐབས་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་སྐོར་ལས་ གསུངས་པའི་ནམ་དུས་ལུ་ རྒྱལཔོ་ང་ར་རྐྱངམ་གཅིག་གིས་ འབད་མི་ཚུགས་ ཁྱེད་མི་སེར་དང་ཕྱག་མཐུད་དེ་ འབད་བ་ཅིན་ དོན་གྲུབ་ཚུགས་ དེ་འབདཝ་ལས་ མི་སེར་ལུ་ ཁྱེད་ཀྱིས་ཕྱག་ཞུ་འོང་ག་ཟེར་གསུངསམ་ད་ མི་སེར་ཆེ་འབྲིང་ཆུང་གསུམ་མེད་པར་ ག་ར་གིས་ ཕྱག་ཞུ་འོང་ལགས་ཟེར་ ལན་ཞུ་མི་ལུ་ མི་དབང་མཆོག་ སྨོན་ལམ་ཐེབས་ བློ་བདེ་ ཕྱིའི་མགྱོནམོ་ལྕང་གླིང་མི་ཐང་ནང་ འོང་མི་ཚུ་ཡང་ མི་སེར་གྱི་འགན་ཁུར་འབག་ཐངས་ལུ་བལྟ་སྟེ་ ཁོང་ཡིད་ར་ཆེ་ནུག་ ད་ལྟོ་བར་ན་ཡང་ འདི་གི་བག་ཆགས་དེ་ མ་བསངས་པ་ར་ཡོད་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་ནང་ རང་སྐྱོང་ལུང་ཕྱོགས་ཟེར་གདམ་ཁ་རྐྱབ་སྟེ་ རྒྱལ་ཁབ་གཅིག་ནང་ ལམ་ལུགས་གཉིས་སྦེ་བཟོ་ ད་ལྟོ་བར་སྐབས་དེ་གི་ ཁེ་ཕན་རྒྱ་ཆེ་ས་ལས་སྦེ་ཐོན་འོང་ དེ་འབདཝ་ལས་ འདི་བཟུམ་གྱི་དམིགས་བསལ་རང་སྐྱོང་ལུང་ཕྱོགས་དེ་ འཛམ་གླིང་ནང་ ནམ་ཡང་མ་ཐོན་ ད་རེས་འགོ་དང་པ་ཨིན་ གནས་སྐབས་ཀྱི་ཐད་ཁར་ལྷོདཔ་ད་ གནས་སྐབས་གནམ་མེད་ས་མེད་ལེགས་ཤོམ་ཨིན་ ཕྱིའི་མཁས་མཆོག་ཚུ་གིས་ཡང་ ཡིད་ཆེས་སྦོམ་འདུག་ ད་ལས་ཕར་འགོ་བཟུང་ འཐུས་ཤོར་སོ་པ་ཅིན་ གནས་སྐབས་ལས་བརྟེན་མེན་པར་ ང་བཅས་ལག་ལེན་ལེགས་ཤོམ་མ་ཐབས་ལས་བརྟེན་ སྐལ་ས་སྐལ་འོང་ ད་ཉེན་ཁ་མི་ཐེག་ཟེར་ རྒྱལཔོ་ང་ར་གིས་ འགན་ཁུར་ཧྲིལ་བུམ་སྦེ་འབག་སྟེ་ གདོང་ཁར་མི་སྒྲིང་སྒྲི་བཙུགས་ བརྩོན་ཤུགས་བསྐྱེད་ འབུངས་དང་ཤུགས་ དེ་ལས་ རྩ་འགེངས་འདི་སྦེ་ ག་དེ་དྲག་དྲག་ ག་དེ་མང་མང་ ད་རེས་ཀྱི་ལས་འགུལ་དེ་ དོན་དག་འགྲུབ་སྦེ་ར་འབད་ནི།
བྱིན་གྱིས་རླབས་པའི་བལ་ཡུལ་དེ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཨིན་ ངག་དབང་རྣམ་རྒྱལ་དང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གི་བསྟན་པ་དེ་ ལོ་སྟོང་ཕྲག་སྦེ་ རྐྱེན་བར་ཆད་མེད་པར་ ང་བཅས་ཀྱིས་ བདག་འཛིན་མ་བཏུབ་བཏུབ་སྦེ་འཐབ་དགོ།
རྒྱལ་ཁབ་ཀྱི་ རང་དབང་རང་བཙན་དང་ སྲུང་སྐྱོབ་དེ་ སྒྲིང་སྒྲི་སྦེ་ གོང་ལས་གོང་དུ་འཕེལ་ཏེ་བཞག་དགོ་ ང་བཅས་མི་སེར་ཡར་རྒྱས་བཏགས་དགོ་པས་ མཐའན་མཇུག་ལུ་འདི་ རང་གི་ཨ་ལུ་བུ་ཚུ་གི་ ལམ་བདེ་བཟང་སྟེ་གི་སྦེ་ ས་སྒོ་དགའ་ཏོག་ཏོ་ཅིག་ནང་བསྐྱལ་ཏེ་ ཆུངམ་རྐང་ཐང་དྲང་ སྦོམ་མི་གྲལ་བཙུགས་ཟེར་ སླབ་དོ་བཟུམ་སྦེ་ར་བཟོ་དགོ།
མི་དབང་མཆོག་གིས་ ཚོང་ཁང་ཚུ་ནང་ལས་ཕར་ བྱོན་པའི་སྐབས་ ན་གཞོན་ཚུ་ལུ་ དྲི་བ་བཀོད་མི་ནང་ ཁྱེད་ལུ་ཟླ་རིམ་གྱི་དངུལ་ཕོགས་ ག་དེམ་ཅིག་ཐོབ་པས་ཟེརཝ་ད་ ད་ལྟོ་བར་ན་ཡང་ སྟོང་ཕྲག་བརྒྱད་ལྷགཔ་ཅིག་ཐོབ་ཟེར་མི་ལུ་ ང་ར་རྣམ་རྟོག་ལངམ་མས་ཟེར་གསུངས་པའི་ཁར་ གནད་དོན་འདི་ལུ་བརྟེན་ མི་དབང་མཆོག་ ཐུགས་ཚ་གྱང་བཞེསཔ་མས་ཟེར་ཨིནམ་ལས་ བདེ་སྲུངཔ་ རྒྱལ་སྲུངཔ་ སློབ་གྲྭ་ཁག་གི་ན་གཞོན་ཚུ་དང་ མཇལ་ཕྲད་གནངམ་ད་ མི་དབང་མཆོག་གིས་ ལོ་རྒྱུས་འདི་ཚུ་ ཁོང་ལུ་གསུངས་མི་ཚུགས་ཟེར་ཨིན་མི་དེ་ཡང་ ག་དེ་སྦེ་འབད་བ་ རྩ་འདིནི་འགེངས་དོ་ གོང་འཕེལ་བཏང་མི་གི་རྒྱལ་ཁབ་ཨིན་ ལཱ་མ་འབདཝ་འདིནི་མེན་ ཁྱེད་ར་ན་གཞོན་ཚུ་ དུམ་གྲ་ཅིག་མ་འཚབས་ རྡོགཔ་འདྲེགས་དགོ་ རྩ་འགེངས་ཟེར་གསུངས་མི་ཚུགས་ཟེར་གསུངས་ཡི།
རྒྱུ་མཚན་འདི་ཚུ་ལུ་བརྟེན་ཏེ་ ཕྱག་ལཱ་མཛད་རིགས་མཛད་ཚད་ ན་གཞོན་ཚུ་ ཐུགས་ཁར་བསྣམས་ཐོག་ལས་ མཛདཔ་ཨིན་ཟེར་ཨིན་པས།
ན་གཞོན་ཚུ་ལུ་ ལཱ་དགོཔ་འདུག་ ད་རུང་ ལཱ་ཡོད་ཟེར་སླབ་ཙམ་གྱིས་ཡང་ མི་བཏུབ་པས་ ཁ་གིས་ ལཱ་ཡོད་ཟེར་སླབ་མ་གཏོགས་ ཟད་འགྲོ་ཡང་མ་ལང་ ཁང་གླ་ཡང་བཏབ་མ་ཚུགས་ སྤྱང་ཀ་སྦེ་ལུས་སོ་པ་ཅིན་ དོན་དག་མིན་ནུག་ཟེར་གསུངས་ཡི།
ད་རུང་ དུས་དང་བསྟུནམ་ད་ལུ་ བཅོས་མའི་རིག་རྩལ་ ཀོན་ཊམ་ སུ་པར་ཀམ་པུས་ཊར་ རོ་བར་ཊིགསི་ཟེར་མི་ཚུ་གི་ དུམ་ཁ་དཔག་པའི་བསྒང་ལས་ ལཱ་གི་ལས་ངོ་འདི་བལྟ་དགོ་པས་ ལཱ་ལས་བརྟེན་ཡུན་བརྟན་གྲུབ་ཚུགས་དགོཔ་ད་ མཐའན་མཇུག་ལུ་ ང་བཅས་མི་སེར་ འདི་ནང་དོན་ཉིད་ལས་ ཨ་ལུ་བུ་ཚུ་ཚུ་ ག་དེ་མགྱོགས་མགྱོགས་ ག་དེ་དྲག་དྲག་ ཕྱུགཔོ་བཟོ་དགོ་ཟེར་གསུངས་ཡི།
དེ་ལས་་དགེ་ལེགས་ཕུག་གི་དྲན་ཤེས་ཁྲོམ་ཚོགས་ནང་ ནང་པའི་ཆོས་ཀྱི་དོན་ལུ་ བླམ་སྤྲུལ་སྐུ་ཚུ་ལུ་ ཆོས་ཕྱོགས་ཀྱི་ལས་དོན་ཚུ་ ག་དེ་དྲག་དྲག་འགན་འབག་སྟེ་བཙུགས་དགོ་པའི་ བཀའ་རྒྱ་གནང་སྟེ་ཡོད་ཟེར་གསུངས་ཡི།
ཆོས་སྡེ་ནང་ ལྷ་ཁང་ དགོན་སྡེ་ གྲྭ་ཚང་རྣམ་པ་སྣ་ཚོགས་༢༡ དེ་ཅིག་ དུས་ཅི་ལས་ར་ འགོ་བཙུགས་ཆོགཔ་སྦེ་ བླ་སློབ་ཚུ་གིས་ གྲ་སྒྲིག་སོང་སྟེ་ཡོད་ཟེར་ཨིན་པས།
དགེ་ལེགས་ཕུག་ལུ་ ལས་འགུལ་དེ་ནང་ ལས་དོན་ཁག་སྣ་ཚོགས་ཚུ་ གོ་རིམ་བཞིན་དུ་ ཐོན་འོང་ཟེར་ཨིནམ་ལས་ དེ་གི་སྐབས་ལུ་ འཛམ་གླིང་གི་གནས་ཚད་དང་ ཆ་མཐུན་ཚུགསཔ་སྦེ་ ཞབས་ཏོག་ཚུ་བྱིན་དགོ་ཟེར་ གསུངས་པའི་ཁར་ ས་གནས་དེ་ཁར་ སྤྲོ་སེང་གི་དོན་ལུ་ གླིང་ག་གཉིས་ཡོད་མི་ཚུ་ཡང་ མ་ནསི་དང་ ཕིབ་སུ་ཚུ་ཨིན་ཟེར་ཨིན་པས།
དེ་ལས་ ཕྱིའི་པགས་ཀོ་དང་ཅིག་ཁར་ ནང་གཟུངས་དགོཔ་དེ་ཡང་གལ་ཆེ་ཟེར་ཨིནམ་ད་ མི་དབང་མངའ་ཞབས་མཆོག་གིས་ དུས་ཡུན་ཆུ་ཚོད་གཅིག་གི་རིང་ལུ་ར་ ངལ་མ་འཚོ་བར་ ཕྱག་ལཱ་རྩ་འགེངས་གནང་མི་དེ་ གཙོ་བོ་ར་ ནང་གཟུངས་དེ་ ཁག་ཆེ་ནི་དེ་གིས་ཨིནམ་ལས་ ནང་གཟུངས་འདི་ལུ་ར་ གཙོ་རིམ་སྒྲིག་དོ་ཟེར་ཨིན་པས།
ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་ནང་ དྲན་ཤེས་ཁྲོམ་ཚོགས་ཟེར་མི་ཅིག་འདུག་ དེ་ཁར་ངན་ལྷད་ཟེར་མི་ རྩ་བརྟན་ནས་མིན་འདུག་ཟེར་བའི་ཚོར་སྣང་ བྱུང་པའི་བསྒང་ལས་ རང་བཞིན་གྱིས་ ཁོང་གིས་ ང་བཅས་ལུ་ བློ་གཏད་འོང་ཟེར་ཨིནམ་ད་ ཤོབ་སླབ་ནི་ ཨརཝ་རྐུ་ནི་ ཀྲམ་ཀྲེམ་བཙོང་ནི་ ཞལ་ཐང་ སྨྱོ་རྫས་ལག་ལེན་འཐབ་ནི་ ཁྲིམས་ལས་འགལ་བའི་ ལཱ་འབད་ནི་ཚུ་ག་ར་ རྩ་མེད་བཏང་སྟེ་ མེདཔ་བཟོ་ནི་དེ་ མི་དབང་མཆོག་སྐུ་ཉིད་ཀྱི་ ཕྱག་གན་བཞེས་ཐོག་ལས་ མཛད་ནི་ཨིན་ཟེར་ གསུངས་གནང་ཡི།
ང་བཅས་འབྲུག་པའི་ན་གཞོན་ རིག་རྩལ་ཅན་དང་ ལྕོགས་གྲུབ་ཅན་ཚུ་ལུ་ གོ་སྐབས་བྱིན་ཏེ་ ད་ལྟོ་མ་ཤེས་མི་ཚུ་ལུ་ སྟོན་བྱིན་ནི་དང་ ད་ལྟོ་བར་སྐབས་ཅིག་ ང་བཅས་ལུ་ མི་སྟོབས་ལངམ་མེད་པ་ཅིན་ འཛམ་གླིང་གི་མི་མཁས་མཆོག་ཚུ་ ནང་ན་ཁྱིད་འོང་ཞིནམ་ལས་ ང་བཅས་ཀྱི་དོན་ལུ་ ལཱ་འབད་བཅུག་ནི་དེ་ གནམ་མེད་ས་མེད་ཁག་ཆེ་ཟེར་ཨིན་པས།
ང་བཅས་ཀྱི་ ཁ་ཐུག་ལས་འབད་རུང་ ལཱ་འབད་རིགས་འབད་ཚད་ཅིགཔོ་ དམ་ཚིག་དཔངས་ལུ་བཙུགས་ཏེ་སྦེ་ འབད་ནི་དང་ དེ་གིས་ ནང་གཟུངས་ཚུ་ མ་བཏུབ་བཏུབ་སྦེ་ ཚང་བའི་བསྒང་ལས་ ཕྱི་རྒྱལ་ལས་ ག་ར་གིས་ ནང་ན་འོང་ནི་ཨིནམ་ལས་ ང་བཅས་ཀྱི་ ཚོང་འབྲེལ་དང་འབྲེལ་བའི་ལཱ་ཚུ་ འབད་ནི་ཨིན་ཟེར་ཨིན་པས།
ང་བཅས་ སྲིད་ཀྱི་དབང་དུ་འབད་རུང་ ཧེ་མ་༢༠༠༨ ལུ་ སྲིད་དོན་ནང་ འདེམས་ངོ་ཚང་མ་ཚུགས་པའི་གདོང་ལེན་དང་ ༢༠༡༣ ནང་ཡང་ སྲིད་དོན་པའི་འདེམས་ངོ་མེད་པའི་གདོང་ལེན་ཚུ་ བྱུང་ཡོད་མི་ཚུ་ ག་ར་གིས་ ཤེས་ཟེར་གསུངས་པའི་ཁར་ ད་རེས་ལོ་༡༥ གི་རྒྱབ་ལས་ ཧེ་མ་མ་ཤེས་མི་ཚུ་ཡང་ ད་རེས་ཤེས་ ཧེ་མ་འབད་མ་ཚུགས་མི་ཡང་ ད་རེས་འབད་ཚུགས་ ཉམས་མྱོང་ལེགས་ཤོམ་ཐོབ་ཡོདཔ་ལས་ སེམས་བག་གཡེང་མ་ཤོར་བར་འབད་དགོ་ ད་རུང་ཡང་ བཅོ་ཁ་རྐྱབ་ནི་གི་ས་གོ་ཡོདཔ་ལས་ འདི་ཚུ་ཡང་ བཅོ་ཁ་རྐྱབ་ ས་སྟོང་བསུབ་ནི་གི་ལཱ་འདུག་ ས་སྟོང་བསུབ་ ལེགས་བཅོས་འབད་ ད་རུང་ར་ ཐབས་ཤེས་གནས་སྐབས་བཏོན་ཏེ་ ད་རིས་བ་དྲགཔ་སྦེ་ བཟོ་དགོ་ཟེར་གསུངས་ཡི།
དེ་མིན་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ རྒྱབ་ཁབ་ཆུང་ཀུ་ཅིག་ཨིན་ སྐོབས་ཚུད་ཅན་གྱི་རྒྱལ་ཁབ་ཨིན་ རི་དང་བྱག་གི་རྒྱལ་ཁབ་ཨིན་ ཁྱིམ་ཚང་རྒྱལ་ཁབ་ བྱང་ཁ་ཐུག་ལུ་ རྒྱ་ནག་དང་ ལྷོ་ཁ་ཐུག་ལུ་རྒྱ་གར་རྒྱལ་ཁབ་ སྟོབས་ཤུགས་ཅན་གྱི་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཨེབ་ཏ་རྐྱབ་སྟེ་ མི་སེར་ལགཔ་སྤར་རེ་གང་ལས་མེདཔ་ལས་ ང་བཅས་ཀྱིས་ དམངས་གཙོའི་རིང་ལུགས་དེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ ཐུགས་དགོངས་ལྟར་དུ་ ག་ནི་བ་དྲགཔ་སྦེ་ བཟོ་དགོ་ཟེར་གསུངས་ཡི།
དེ་ལས་ ད་ལྟོ་ རྒྱལ་ཁབ་གཅིག་ནང་ ལམ་ལུགས་གཉིས་སྦེ་ ཡོད་མི་དེ་ཡང་ དྲན་ཤེས་ཁྲོམ་ཚོགས་མཇུག་བསྡུ་བའི་བསྒང་ལས་ རྒྱལ་ཁབ་གཅིག་ནང་ ལམ་ལུགས་གཅིག་དང་ ཁྲིམས་གཅིག་སྦེ་ར་ བཟོ་ནི་ཨིན་ཟེར་ གསུངས་གནང་ཡི།
ཞི་གཡོགཔ་ཚུ་ལུ་ཡང་ འགན་ཁུརབཀལ་དགོ་ཟེར་ཨིནམ་ད་ ཞི་གཡོགཔ་དེ་ རྒྱལ་ཁབ་ནང་ ཁག་ཆེ་ཤོས་ཅིག་ཨིན་ཟེར་ གསུངསམ་བཞིན་དུ་ ཞི་གཡོགཔ་ཚུ་གིས་ ལྕོགས་གྲུབ་ཚུ་བཏོན་དགོཔ་དེ་ ག་ནི་བ་གལ་ཆེ་ཟེར་གསུངས་ཡི།
དགེ་ལེགས་ཕུག་གི་གནམ་གྲུ་ཐང་དེ་ཡང་ ལོ་ལྔ་གི་ནང་འཁོད་ལུ་ བསྒྲུབ་ཚུགསཔ་འབད་ནི་ཨིན་ཟེར་ གསུང་པའི་ཁར་ ད་ལྟོ་ ཕྱག་ལཱ་མཛད་དགོཔ་ལེ་ཤ་འདུག་ཟེར་ཨིནམ་བཞིན་དུ་ མི་དབང་མཆོག་གིས་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ བྱམས་སྙིང་གི་སྒོ་ལས་ ཕྱག་ལཱ་གནངམ་ད་ འུ་སྡུག་ནི་དང་ ཐུགས་ངལ་ནི་ ལ་སོགས་པ་ཚུ་ རྩ་ལས་ར་མེད་ཟེར་ གསུངས་པའི་ཁར་ མ་འོངས་པའི་མཐའ་དོན་ལུ་ ཤུལ་བཞག་དང་འདྲཝ་སྦེ་ ཕྱག་ལཱ་གནང་ནི་དེ་ དུས་རབས་༢༡ པའི་ནང་ ག་ནི་བ་ཁག་ཆེ་ཟེར་ རྒྱལ་ཡོངས་ལུ་ གསུངས་བཤད་གནང་ཡོད་པའི་གནས་ཚུལ།
ཚེ་རིང་དབང་འདུས།