༉ འཕྲལ་ཁམས་ཀྱི་ རྒྱ་ཁྱབ་དཔལ་འབྱོར་གནས་སྟངས་ཀྱི་ གནས་སྡུད་དང་འཁྲིལ་བ་ཅིན་ དངུལ་རྩིས་ལྷན་ཁག་གིས་ དུས་ཅི་ སྤྱི་ཟླ་༦ པའི་ནང་འཁོད་ལུ་ འབྲུག་གི་དཔལ་འབྱོར་ཡར་ཐོན་གྱི་ སྔོན་རྟགས་དེ་ བརྒྱ་ཆ་༦.༡ ལུ་ མར་ཕབ་འབད་ཡོདཔ་ཨིན་པས།
དེ་སྦེ་ མར་ཕབ་འབད་མི་དེ་ཡང་ གཙོ་བོ་ར་ འདས་པའི་ཟླཝ་༣ པ་ནང་ ལྟ་བཤལ་སྡེ་ཚན་གྱི་ གྲུབ་འབྲས་དེ་ དམིགས་གཏད་བསྐྱེད་དོ་བཟུམ་ འབད་མ་ཚུགས་མི་ལུ་བརྟེན་ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ ལྟ་བཤལཔ་འོང་ནིའི་གྱངས་ཁ་ འདས་པའི་ཟླཝ་༣ ལས་ ལྟ་བཤལཔ་༢༠༠,༠༠༠ ལས་༣༠༠,༠༠༠ བར་ན་ འོང་ནི་གི་ དམིགས་གཏད་བསྐྱེད་མི་ལས་ སྤྱི་ལོ་༢༠༢༤ ལུ་ ལྟ་བཤལཔ་༡༥༠,༠༠༠ དང་ སྤྱི་ལོ་༢༠༢༥ ལུ་ ལྟ་བཤལཔ་༢༥༠,༠༠༠ རྐྱངམ་གཅིག་ འོང་ནི་སྦེ་ བསྐྱར་ཞིབ་འབད་ནུག།
དེ་མ་ཚད་ དུས་ཅི་ སྤྱི་ཟླ་༦ པའི་ནང་འཁོད་ལུ་ འབྲུག་ལུ་ ཕྱིའི་ལྟ་བཤལཔ་༧༥,༦༠༨ འོང་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༤༧ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།
ལྟ་བཤལཔ་ཚུ་ཡང་ བརྒྱ་ཆ་༦༩ རྒྱ་གར་དང་ བརྒྱ་ཆ་༣༡ རྒྱལ་ཁབ་གཞན་ཚུ་ལས་ཨིན་པས།
ཤུལ་མའི་ཟླཝ་༦ གི་ནང་འཁོད་ལུ་ ལྷན་ཁག་གིས་ ད་རུང་ ལྟ་བཤལཔ་བརྒྱ་ཆ་༥༠ འོང་ནི་གི་ རེ་བ་ཡོདཔ་བཞིན་དུ་ ལྟ་བཤལ་པའང་གྱངས་ཁ་དེ་༡༥༠,༠༠༠ ལུ་ ལྷོད་ནི་གི་ དམིགས་གཏད་བསྐྱེད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ གི་ དཔལ་འབྱོར་ཡར་ཐོན་དེ་ མར་ཕབ་འབད་དེ་ཡོདཔ་ད་ སྙན་ཞུ་ནང་བཀོད་མིའི་ནང་ དཔལ་འབྱོར་ལུ་ སྲིད་བྱུས་དང་འབྲེལ་བའི་ རྒྱབ་སྐྱོར་ཚུ་ འབད་དེ་ཡོདཔ་ད་ དཔལ་འབྱོར་ལྷན་ཐབས་ལས་རིམ་ཐོག་ལས་ སྐྱིན་འགྲུལ་གྱི་ རྒྱབ་སྐྱོར་འབད་ཡོདཔ་སྦེ་ཨིན་པས།
སྤྱི་ལོ་༢༠༢༥ ལུ་ དཔལ་འབྱོར་ཕར་ཚད་དེ་ བརྒྱ་ཆ་༩.༦ ཡར་སེང་འགྱོ་ནི་སྦེ་ དམིགས་གཏད་བསྐྱེད་དེ་ ཡོདཔ་ཨིན་པས
སྤྱི་ལོ་༢༠༢༤ དང་༢༠༢༥ ལུ་ སོ་ནམ་ལས་སྡེ་དེ་ བརྒྱ་ཆ་༡༥ དང་ སྒོ་ནོ་ལས་སྡེ་འབད་བ་ཅིན་ བརྒྱ་ཆ་༢.༤ དེ་ལས་ ནགས་ཚལ་ལས་སྡེ་དེ་ བརྒྱ་ཆ་༣.༡ ཡར་འཕར་འགྱོ་ནི་ཨིན་པས།
དུས་ཅི་ སྤྱི་ཟླ ༦ པའི་ ནང་འཁོད་ལུ་ སོ་ནམ་ལས་སྡེ་དེ་ བརྒྱ་ཆ་༡.༤ དེ་ཅིག་ གོང་འཕེལ་སོང་ཡོདཔ་ཨིན་པས།
དེ་ལས་ བཟོ་གྲྭ་ལས་སྡེ་འབད་བ་ཅིན་ སྤྱི་ལོ་༢༠༢༤ ལུ་ བརྒྱ་ཆ་༧.༧ དང་ སྤྱི་ལོ་༢༠༢༥ ལུ་ བརྒྱ་ཆ་༢༠ དེ་ཅིག་ ལེགས་ཤོམ་འབད་ནི་ལུ་ དམིགས་གཏད་བསྐྱེད་དེ་ཡོདཔ་ད་ དེ་ཡང་ གློག་མེ་ལས་འགུལ་དང་ སྐྱིན་འགྲུལ་ཡངས་ཆག་བཏང་མི་ལུ་བརྟེན་ཨིན་པས།
བཟོ་གྲྭ་ལས་སྡེ་ ཡར་དྲག་འགྱོ་མི་དང་འབྲེལ་ དེ་གིས་ ས་གཏེར་དང་ བཟོ་འདོན་ གློག་མེ་ བཟོ་སྐྲུན་ལས་སྡེ་ལ་སོགས་པ་ཚུ་ གོང་འཕེལ་འགྱོ་ནི་ཨིན་པས།
སྙན་ཞུ་ནང་ བཀོད་མིའི་ནང་ བཟོ་གྲྭ་ལས་སྡེ་དེ་ བརྒྱ་ཆ་༤.༨༦ དེ་ཅིག་ མར་འབབ་འགྱོ་ནི་གི་ དམིགས་གཏད་བསྐྱེད་ཡོད་རུང་ ས་གཏེར་དང་ གཏེར་ཁ་ དེ་ལས་ བཟོ་འདོན་ལས་སྡེ་ཚུ་ ཡར་དྲག་འགྱོ་མི་ལུ་བརྟེན་ བརྒྱ་ཆ་༠.༣ ལས་བརྒལ་ མར་བབས་མ་འགྱོཝ་ཨིན་པས།
གློག་མེ་དང་བཟོ་སྐྲུན་ལས་སྡེ་ཐད་ལུ་ བརྒྱ་ཆ་༢.༡ དང་ བརྒྱ་ཆ་༧.༡ རེ་ མར་བབས་སོང་ཡོདཔ་ད་ དེ་ཡང་ གློག་མེ་ཐོན་ཤུགས་དང་ བཟོ་སྐྲུན་ལས་སྣ་ཚུ་ནང་ ཟད་འགྲོ་གཏང་ནི་ཚུ་ མར་བབས་སོང་མི་ལུ་བརྟེན་ཨིན་པས།
དུས་ཅི་ སྤྱི་ཟླ་༦ པའི་ ནང་འཁོད་ལུ་ གློག་མེ་ལུ་བརྟེན་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༢༩.༧༡ དེ་ཅིག་ བཟོ་ཚུགས་པའི་ ཚོད་རྩིས་བཏོན་མི་གྲས་ལས་ བརྒྱ་ཆ་༣༤ དེ་ ནང་འཁོད་ལུ་ གློག་མེ་བཙོང་མི་ལས་ འོང་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༦ པ་ལས་༩ པ་ཚུན་ལུ་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༢༧.༨༢ བཟོ་ནི་གི་ དམིགས་གཏད་བསྐྱེད་མི་ལས་ ལྷག་སྟེ་ཡོདཔ་ཨིན་པས།
ཞབས་ཏོག་ལས་སྡེ་འབད་བ་ཅིན་ སྤྱི་ལོ་༢༠༢༤ དང་༢༠༢༥ ལུ་ ཕར་ཚད་དེ་ བརྒྱ་ཆ་༥.༤ དང་ བརྒྱ་ཆ་༤.༦ རེ་ ཡར་སེང་འགྱོ་ནི་གི་ དམིགས་གཏད་བསྐྱེད་དེ་ཡོདཔ་ད་ དེ་ཡང་ ལྟ་བཤལ་དང་ བཟོ་གྲྭ་དང་འབྲེལ་བའི་ ཟ་ཁང་དང་ སྐྱེལ་འདྲེན་ དེ་ལས་ སྡོད་གནས་ཚུ་ གོང་འཕེལ་འགྱོ་ནི་ཨིན་མི་ལུ་བརྟེན་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ ཞབས་ཏོག་ལས་སྡེ་ནང་ འཕར་ཚད་བརྒྱ་ཆ་༧.༩ ཡོདཔ་ཨིན་པས།
འཛམ་གླིང་ནང་ ནུས་ཤུགས་གོང་ཚད་དང་ སྐྱིན་འགྲུལ་གྱི་ ལམ་ལུགས་ལུ་བརྟེན་ སྐྱ་ནམ་གྱི་ གནས་སྟངས་དེ་ འབྲིང་ལུ་གནས་ནི་བཟུམ་ཡོདཔ་ཨིན་པས།
ན་གཞོན་ལཱ་གཡོག་ མ་ཐོབ་པའི་གནས་སྟངས་དེ་ དཔལ་འབྱོར་ཡར་དྲ་འགྱོ་མི་ལུ་བརྟེན་ མར་ཕབ་འགྱོ་ནི་བཟུམ་ཅིག་ཡོདཔ་ད་ ཨིན་རུང་ སྙན་ཞུ་ནང་ བཀོད་མིའི་ནང་ སྲིད་འབྲེལ་ལུ་བརྟེན་ ཅ་ཆས་ཚུ་ བཀྲམ་སྤེལ་འབད་ནི་དང་ དངུལ་འབྲེལ་དང་འབྲེལ་བའི་ དཀའ་ངལ་འཐོན་ནི་བཟུམ་ཅིག་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།