༉ རྒྱལ་གཞུང་འབྲུག་གི་འགག་སྡེ་དང་འཁྲིལ་བ་ཅིན་ འདས་པའི་ལོ་དང་ཕྱདཔ་ད་ རྒྱལ་ཁབ་ནང་ བྱ་ངན་འབད་མིའི་གནས་ཚད་དེ་ བརྒྱ་ཆ་༨.༥ དེ་ཅིག་ མར་བབས་སོང་ཡོདཔ་སྦེ་ཨིན་པས།
ན་ཧིང་ ཁྲིམས་འགལ་འབད་མི་ གནད་དོན་༢,༡༥༣ ཐོ་བཀོད་འབད་མི་དེ་ སྤྱི་ལོ་༢༠༢༣ ལས་ གནད་དོན་༡༩༩ དེ་ཅིག་ མར་བབས་སོང་ཡོདཔ་བཞིན་དུ་ ལོ་དེ་ནང་ ཁྲིམས་འགལ་འབད་མི་གནད་དོན་༢,༣༥༢ ཐོ་བཀོད་འབད་ནུག།
ཁྲིམས་འགལ་གནད་དོན་མང་ཤོས་ར་ སྨྱོ་རྫས་ལག་ལེན་འཐབ་མི་དང་ འཐབ་འཛིང་ ནང་འཁོད་རྩུབ་སྤྱོད་ ཨར་རྐུན་ དེ་ལས་ སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཚུ་ ཐོན་ཡོདཔ་ཨིན་པས།
སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་དང་འབྲེལ་བའི་ གནད་དོན་དེ་༡༦༡ དེ་ཅིག་ མར་བབས་སོང་བའི་ཁར་ སྨྱོ་རྫས་མིན་པའི་ ཁྲིམས་འགལ་ཡང་ གནད་དོན་༡༩༩ ལུ་ མར་བབས་སོང་ཡོདཔ་ཨིན་པས།
ན་ཧིང་ སྨྱོ་རྫས་ལག་ལེན་འཐབ་མིའི་གནད་དོན་༡,༥༡༢ ཐོ་བཀོད་འབད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་༥༩ དེ་ཅིག་ མར་བབས་སོང་ནུག།
འཐབ་འཛིང་དང་འབྲལ་བའི་ གནད་དོན་ཐད་ཁར་ དུམ་གྲ་ཅིག་ ཡར་འཕར་སོང་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༢༣ ལུ་ གནད་དོན་༤༩༡ ལས་ ན་ཧིང་༥༡༤ ལུ་ ཡར་འཕར་སོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ནང་འཁོད་རྩུབ་སྤྱོད་ཀྱི་གནད་དོན་ཡང་ ན་ཧིང་༤༡༥ ལས་༤༢༨ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
དེ་ལས་ ཨར་རྐུན་གྱི་གནད་དོན་དེ་ འདས་པའི་ལོ་ནང་ གནད་དོན་༢༥༩ ལས་ ན་ཧིང་ གནད་དོན་༢༨༧ ལུ་ ཡར་སེང་སོང་ཡོདཔ་ད་ སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ནག་ཚོང་འཐབ་མིའི་གནད་དོན་དེ་༣༢༢ ལས་ ན་ཧིང་༢༤༣ ལུ་ མར་བབས་སོང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ལྟེ་བ་ལས་ ན་ཧིང་ ཐིམ་ཕུག་ལུ་ སྙན་ཞུ་༦༩༢ སྙན་ཞུ་འབད་མི་དེ་ མཐོ་ཤོས་ཅིག་ཨིན་མི་དེ་ཡང་ སྤྱི་ལོ་༢༠༢༣ ལུ་ གནད་དོན་༧༠༩ སྙན་ཞུ་འབད་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པའི་ལྟེ་བའི་ནང་ གནད་དོན་༢༦༣ ཐོ་བཀོད་མི་དེ་ སྤྱི་ལོ་༢༠༢༣ ལས་ གནད་དོན་༤༠༠ ལས་ མར་བབས་སོང་ཡོདཔ་ཨིན་པས།
ཨིན་རུང་ དགེ་ལེགས་ཕུག་ལུ་ ཁྲིམས་འགལ་བྱ་ངན་འབད་མི་དེ་ ཡར་འཕར་སོང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༣ ལུ་ གནད་དོན་༡༦༤ ཐོ་བཀོད་མི་ལས་ ན་ཧིང་ གནད་དོན་༢༣༦ ཐོ་བཀོད་འབད་ནུག།
སྤྱིར་བཏང་ཁྲིམས་འགལ་འབད་མིའི་ ཚད་གཞི་དེ་ མར་བབས་སོང་ཡོདཔ་ད་ གནད་དོན་ལ་ལོ་ཅིག་ནང་ ཡར་འཕར་སོང་ཡོདཔ་སྦེ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་འགལ་དང་ལག་ལེན་ལས་ཁུངས་ལས་ དམག་སྲིད་པ་སངས་རྡོ་རྗེ་གིས་ སླབ་མིའི་ནང་ ཁྲིམས་འགལ་གྱི་ གནད་དོན་ལ་ལུ་ཅིག་ནང་ དུམ་གྲ་རེ་ ཡར་འཕར་སོང་མི་དེ་ གོ་བ་བརྡ་སྤྲོད་ཡར་སེང་འབད་མི་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ནང་འཁོད་རྩུབ་སྤྱོད་དང་ འཐབ་འཛིང་གྱི་གནད་དོན་ཚུ་ སྙན་ཞུ་འབད་ནི་ལུ་ ཡངས་ཟ་དོ་ཡོདཔ་ཨིན་རུང་ གོ་བ་བརྡ་སྤྲོད་ཚུ་ མཉམ་འབྲེལ་ཐོག་ལས་འབད་མི་དེ་གིས་ མི་ཚུ་ སྙན་ཞུ་འབད་བར་ འོངམ་མས་ཟེར་ཨིན་པས།
ལྟ་རྟོག་དམ་དམ་འབད་མི་ལུ་བརྟེན་ ལུང་ཕྱོགས་ལ་ལུ་ཅིག་ནང་ ཁྲིམས་འགལ་གྱི་གནས་ཚད་དེ་ ཡར་སེང་སོང་སྟེ་ འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ པདྨ་དྲུང་ཆེན་ཡིག་ཚང་དང་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་ དེ་ལས་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ཚུ་གིས་ མཉམ་འབྲེལ་ཐོག་ལས་ རྒྱལ་གཞུང་འབྲུག་འགག་སྡེ་གིས་ དགེ་ལེགས་ཕུག་ལུ་ གོ་བ་བརྡ་སྤྲོད་ཚུ་འབད་ཡོདཔ་ཨིན་པས།
དམག་སྲིད་པ་སངས་རྡོ་རྗེ་གིས་ སླབ་མིའི་ནང་ སློབ་གྲྭ་དང་ མཐོ་རིམ་སློབ་གྲྭ་ དེ་ལས་ རྫོང་ཁག་༢༠ གི་ མི་སྡེ་ཚུ་ནང་ གོ་བ་བརྡ་སྤྲོད་ཚུ་ རྒྱས་པར་འབད་མི་ལུ་བརྟེན་ སྤྱིར་བཏང་ཁྲིམས་འགལ་ཚད་གཞི་དེ་ མར་བབས་སོང་ནུག་ཟེར་ཨིན་པས།
མི་མང་དང་ དམིགས་བསལ་དུ་ ཨ་ལུ་ཚུ་དང་ འབྲེལ་འཛིན་འབད་དོ་ཡོདཔ་ལས་ ཁོང་ཆ་ཁྱབ་ཀྱིས་ གནད་དོན་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་བས་ཟེར་ པ་སངས་རྡོ་རྗེ་གིས་ བཤད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།