༉ དངུལ་རྩིས་ལྷན་ཁག་གིས་ སྤྱི་ཟླ་༦ པའི་ནང་ ཕོ་ཚོད་དཔག་མི་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༢༦ ལས་ ནང་འཁོད་གློག་མེའི་ མཁོ་མངགས་འབད་མི་དེ་ བརྒྱ་ཆ་༢༣༢ དེ་ཅིག་ ཡར་འཕར་འགྱོ་ནི་ཨིནམ་ལས་ ཕྱིར་ཚོང་འཐབ་མི་ཚུགས་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།
དེ་ཡང་ ན་ཧིང་ཚུན་ དངུལ་ཀྲམ་ཐེར་འབུམ་༨.༢༧ གནས་པའི་ གློག་མེ་ལག་ལེན་འཐབ་ཡོདཔ་ལས་ ཤུལ་མའི་ལོ་༢ ཀྱི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༢༧.༤༣ གནས་པའི་ གློག་མེ་ལག་ལེན་འཐབ་ནི་ལུ་ ཕོ་ཚོད་དཔག་ཡོདཔ་ཨིན་པས།
མ་གཞི་ ལྷན་ཁག་གིས་ སྤྱི་ལོ་༢༠༢༦ གི་ནང་འཁོད་ལུ་ གློག་མེ་ལུ་བརྟེན་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༤༦.༤༤ བཟོ་ནི་གི་ བརྡ་མཚོན་སྟོན་ཡོད་རུང་ འོང་འབབ་བརྒྱ་ཆ་༦༠ ནང་འཁོད་ལག་ལེན་འཐབ་ནི་ཨིན་པས།
ནང་འཁོད་ལུ་ གློག་མེའི་མཁོ་མངགས་ཡར་སེང་འགྱོ་ནི་དེ་ཡང་ གློག་མེ་ལག་ལེན་འཐབ་མི་ བཟོ་གྲྭ་གསརཔ་ གཞི་བཙུགས་འབད་མི་ལུ་བརྟེན་ཨིནམ་ད་ དེ་གིས་སྦེ་ གློག་མེ་ཕྱིར་ཚོང་ཡང་ མར་འབབ་འགྱོ་ནི་ཨིན་པས།
ན་ཧིང་ འབྲུག་གིས་ གློག་མེའི་ཚོང་འབྲེལ་ལུ་བརྟེན་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༢༥.༡༧ བཟོ་ཡོད་མི་ལས་ དངུལ་ཀྲམ་ཐེར་འབུམ་༡༦.༩ ཕྱིར་ཚོང་དང་ དངུལ་ཀྲམ་ཐེར་འབུམ་༨.༢༧ ནང་འཁོད་ལས་ཨིན་པས།
གློག་མེ་འོང་འབབ་ཀྱི་ སྔོན་དཔག་དང་འཁྲིལ་བ་ཅིན་ དུས་ཅི་ གློག་མེ་གིས་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༢༩.༧༡ བཟོ་ནི་བཟུམ་ཡོད་མི་ལས་ དངུལ་ཀྲམ་ཐེར་འབུམ་༡༠.༢༣ དེ་ ནང་འཁོད་ལུ་ གློག་མེ་བཙོང་མི་དང་ དངུལ་ཀྲམ་ཐེར་འབུམ་༡༩.༤༨ དེ་ གློག་མེ་ཕྱིར་ཚོང་ལས་ཨིན་པས།
སྤྱི་ལོ་༢༠༢༥ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་ ལག་ལེན་དེ་ དངུལ་ཀྲམ་ཐེར་འབུམ་༢༢.༣༢ དང་ གློག་མེ་ཕྱིར་ཚོང་ གི་འོང་འབབ་དེ་ དངུལ་ཀྲམ་ཐེར་འབུམ་༢༡.༠༣ ལུ་ ལྷོད་ནི་བཟུམ་ཅིག་ ཡོདཔ་ཨིན་པས།
གློག་ཤུགས་ལྷག་ཐེབས་ཡོདཔ་སྦེ་ ཐོན་སྐྱེད་འབད་ཚུགས་དོ་ཡོད་རུང་ སྤྱི་ཟླ་༡༢ པའི་ནང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པ་གིས་ གློག་མེ་ཧྲིལ་བུམ་ཐོན་སྐྱེད་འབད་ནི་ འགོ་བཙུགས་ཡོད་རུང་ འབྲུག་གིས་ གནམ་དགུན་གྱི་སྐབས་ ནང་འཁོད་ལུ་ གློག་མེའི་མཁོ་འདོད་འགྲུབ་ཚུགས་པར་ ལཱ་ཁག་རྐྱབ་ནི་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ ཡུ་ནིཊ་༦ གིས་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ཐེར་འབུམ་༢༠ གནས་པའི་ གློག་མེ་ཡུ་ནིཊ་ས་ཡ་༤,༣༥༧ ཐོན་སྐྱེད་འབད་ཚུགས་ནི་ཨིན་པས།
ཆར་ཆུ་མེད་པའི་དུས་ཚོད་ལུ་ གློག་མེའི་ནང་འདྲེན་ རྒྱ་ཆེ་དྲགས་སྦེ་ར་ ཡར་འཕར་འགྱོ་ནི་བཟུམ་ཅིག་ཡོདཔ་ཨིན་པས།
དུས་ཅི་ གློག་མེ་ནང་འདྲེན་འབད་ནིའི་ནང་ དངུལ་ཀྲམ་ཐེར་འབུམ་༨.༢༨ དེ་ཅིག་ གནས་ནི་བཟུམ་ཅིག་ཡོད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༢༠༣ ཡར་སེང་འགྱོ་ནི་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༢༥ ལུ་ དངུལ་ཀྲམ་ཐེར་འབུམ་༡༥.༨༤ དང་ སྤྱི་ལོ་༢༠༢༦ ལུ་འབད་བ་ཅིན་ དངུལ་ཀྲམ་ཐེར་འབུམ་༡༨.༠༦ དེ་ཅིག་ ཡར་སེང་འགྱོ་ནི་ཨིནམ་ལས་ གློག་མེ་ཕྱིར་ཚོང་དེ་ རྒྱ་ཆེ་དྲགས་སྦེ་ར་ མར་འབབ་འགྱོ་ནི་ཨིནམ་བཞིན་དུ་ སྤྱི་ལོ་༢༠༢༦ ལུ་ འོང་འབབ་ཡང་ དངུལ་ཀྲམ་ས་ཡ་༩༣༧ དེ་ཅིག་ མར་འབབ་འགྱོ་ནིའི་ འོས་འབབ་སྦོམ་ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ འབྲུག་རྒྱལ་ཁབ་ཀྱིས་ ད་ལས་ཕར་ ཕྱིར་ཚོང་གི་ཐོག་ལས་ ཕྱི་དངུལ་གྱི་ ཐོན་ཁུངས་གཙོ་བོ་ཅིག་སྦེ་ ཆུར་བརྟེན་གློག་མེ་ལུ་ བརྟེན་མི་ཚུགས་ནི་མས་ཟེར་ ཉེན་བརྡ་འབད་དེ་ཡོདཔ་ཨིན་པས།
དེ་འབདཝ་ལས་ ནང་འཁོད་ནུས་ཤུགས་ཀྱི་ དགོས་མཁོ་ཡར་སེང་འགྱོ་མི་ཚུ་ འགྲུབ་ཚུགསཔ་བཟོ་ནི་ལུ་ གཙོ་བོར་བཏོན་ནི་མེན་པར་ ནང་འཁོད་ཐོན་སྐྱེད་ ཡར་དྲག་གཏང་ཐོག་ལས་ རྒྱལ་ཁབ་ཀྱི་ གོང་འཕེལ་འོས་འབབ་ ལྷན་ཐབས་འབད་ནི་དེ་ གལ་གནད་ཅན་ཅིག་ཨིན་ཟེར་ཨིན་པས།
ནང་འཁོད་སྤྱོད་འཐུས་ཕོག་ཚོད་༢༠༤༠ འི་ སྙན་ཞུ་དང་འཁྲིལ་བ་ཅིན་ འབྲུག་གི་ནུས་ཤུགས་མཁོ་འདོད་དེ་ གི་ག་ཝཱཊ་༦,༤༠༧ ཡོད་མི་ལས་ སྤྱི་ལོ་༢༠༣༠ ནང་འཁོད་ལུ་ གི་ག་ཝཱཊ་༡༣,༠༤༤ འབདཝ་ད་ བརྒྱ་ཆ་ལས་བརྒྱ་ ཡར་སེང་འགྱོ་ནི་བཟུམ་ཅིག་ཡོདཔ་མ་ཚད་ ད་རུང་ བརྒྱ་ཆ་༡༦༠ བཟོ་གྲྭ་འཕྲུལ་ཁང་གསརཔ་ཚུ་ལུ་ དགོ་ནི་ཨིན་པས།
འཆར་གཞི་༡༣ པའི་ནང་ གཞུང་གིས་ གློག་མེ་དང་ ནུས་ཤུས་ལས་སྡེ་ཚུ་གིས་ སྤྱི་ལོ་༢༠༢༩ ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ དངུལ་ཀྲམ་ཐེར་འབུམ་༥༦ ལྷན་ཐབས་འབད་ནི་ལུ་ ཚོད་རྩིས་བཏོན་ཏེ་ཡོདཔ་བཞིན་དུ་ ལོ་བསྟར་འཕར་ཚད་ བརྒྱ་ཆ་༡༠.༦ འགྱོ་ནི་ཨིན་པས།
འཆར་གཞི་༡༣ པའི་ནང་ གློག་མེ་ལས་འགུལ་༡༠ འགོ་བཙུགས་ནིའི་ འཆར་གཞི་ཡོད་མི་གིས་ མ་འོངས་ལོ་༥ འི་ནང་འཁོད་ལུ་ གློག་མེའི་ནུས་ཤུགས་ མེ་ག་ཝཱཊ་༣,༡༡༩ རྐྱབ་ནི་ཡོདཔ་ལས་ ཡོངས་བསྡོམས་ལུ་ རྒྱལ་ཁབ་ནང་ གློག་ཤུགས་གི་ག་ཝཱཊ་༥,༥༠༠ ལུ་ ཡར་སེང་འགྱོ་ནི་ཨིན་པས།
འབྲུག་གིས་ རང་བཞིན་ནུས་ཤུགས་ཚུ་ སྣ་མང་འབད་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ ཉི་དྲོད་དང་ རླུང་ ཇི་འོ་ཐར་མ་ དེ་ལས་ བའི་འོ་གེསི་ཚུ་ལུ་ཡང་ གཙོ་རིམ་བཟུང་ནི་ཨིནམ་ད་ དེ་ནང་ མེ་ག་ཝཱཊ་༥༠༠ སྐྱེལ་སྤྲོད་ཉི་དྲོད་ལས་འགུལ་དང་ མེ་ག་ཝཱཊ་༡ འབད་མི་ སྔོ་ལྗང་ནུས་ཤུགས་ ཨའི་ཌོ་ཇཱན་ལས་འགུལ་ དེ་ལས་ མེ་ག་ཝཱཊ་༢༣ འབད་མི་ རླུང་གི་གློག་ཤུགས་ མཇུག་བསྡུ་ནི་གི་ ལས་རིམ་ཚུ་ཡོདཔ་ཨིན་པས།
འབྲུག་ཡུན་བརྟན་གོང་འཕེལ་སྲིད་བྱུས་༢༠༢༡ ཅན་མ་དང་འཁྲིལ་བ་ཅིན་ འབྲུག་གིས་ གློག་མེའི་འོས་འབབ་ མེ་ག་ཝཱཊ་༣༦,༩༠༠ ཡོད་མི་གིས་ ལོ་བསྟར་གློག་ནུས་གི་ག་ཝཱཊ་༡༥༤,༠༠༠ ཐོན་སྐྱེད་འབད་ཚུགས་ནི་གི་ ཚོད་རྩིས་བཏོན་ཏེ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།