༉ འབྲུག་ལུ་ ལོ་ན་རྒས་ཤོས་ཀྱི་གནས་ཚད་ཐོག་ སྤྱི་ལོ་༢༠༢༧ ལུ་ མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༧.༤ ལུ་ ལྷོད་ནིའི་ཚོད་རྩིས་ཡོདཔ་སྦེ་ འབྲུག་མི་རློབས་ཚོད་རྩིས་༢༠༡༧-༢༠༤༧ ཅན་མའི་ནང་ བཀོད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༥༠ ལུ་འབད་བ་ཅིན་ གནས་སྟངས་དེ་ བརྒྱ་ཆ་༡༤ ལུ་ལྷོད་ནིའི་ ཚོད་རྩིས་ཡོད་མི་གིས་ འབྲུག་གི་མི་རློབས་རྒས་ཤོས་ ཡར་སེང་འགྱོ་ནི་ཨིན་པས།
བརྡ་དོན་དེ་ འཛམ་གླིང་སྤྱི་ཚོགས་མི་རློབས་མ་དངུལ་དང་ འབྲུག་བརྡ་བརྒྱུད་ལས་ཚོགས་མཉམ་འབྲེལ་ཐོག་ལས་ ཉིནམ་གསུམ་གྱི་ གྲོས་བསྡུར་འབད་བའི་སྐབས་ལུ་ གསལ་སྟོན་བྱུང་ཡོདཔ་ད་ ལོ་བསྟར་རྒྱལ་སྤྱི་རྩོལ་སྒྲུབ་དེ་ སྤྱི་ཟླ་༡༡ པའི་ཚེས་༢༥ ལས་ཟླ་༡༢ པའི་ཚེས་༡༠ ཚུན་ ཨམ་སྲུ་ལུ་རྩུབ་སྤྱོད་དང་ འགྲོ་བ་མིའི་དབང་ཆ་གི་ རྒྱལ་སྤྱི་ཉིནམ་བརྩི་སྲུང་དང་འབྲེལ་ ལག་ལེན་འཐབ་ནི་ཨིན་པས།
འཛམ་གླིང་སྤྱི་ཚོགས་མི་རློབས་མ་དངུལ་གྱི་ གནས་ཐོ་ཞིབ་དཔྱོདཔ་ ཆོས་གྲགས་རྒྱ་མཚོ་གིས་ བཤད་མིའི་ནང་ ལོ་ན་རྒས་ཤོས་ཀྱི་ མི་རློབས་གྱངས་ཁ་དེ་ བརྒྱ་ཆ་༧ ཡང་ན་ སྐྱེས་ལོ་༦༥ ཡན་ཆད་འབད་མི་ཚུ་ ངོས་འཛིན་འབད་ཡི་ཟེར་ཨིན་པས།
འབྲུག་ལུ་ ལོ་ན་རྒས་ཤོས་ཀྱི་ཚོད་རྩིས་འབད་མི་ཚུ་ ཡར་སེང་མ་འདྲཝ་སྦེ་ར་ འགྱོ་དོ་ཡོད་མི་དེ་ཡང་ སྤྱི་ལོ་༢༠༡༧ ལུ་ མི་རློབས་༤༣,༠༦༤ འབད་མི་དེ་ སྤྱི་ལོ་༢༠༤༧ ལུ་ མི་རློབས་༡༡༨,༦༥༠ ལུ་ཡར་སེང་འགྱོ་ནི་ཨིན་མི་གིས་ མ་འོངས་ལོ་༣༠ གི་རྒྱབ་ལས་ བརྒྱ་ཆ་༥༨.༢ ལུ་ ཡར་སེང་འགྱོ་ནི་ཨིན་པས།
མི་རློབས་ལོ་ན་རྒས་ཤོས་ཡར་སེང་འགྱོ་མི་གིས་ རྒྱལ་ཁབ་ལུ་ དོ་འགྲན་དང་ གོ་སྐབས་གཉིས་ཆ་ར་འབྱུང་འོང་ཟེར་ ཆོས་གྲགས་རྒྱ་མཚོ་གིས་ བཤད་པའི་ཁར་ ལོ་ན་རྒས་ཤོས་མངམ་ཡོད་མི་གིས་ གསོ་བའི་ཞབས་ཏོག་དགོས་མཁོ་འབྱུང་ནི་གིས་མ་ཚད་ མཐའ་སྐྱོང་དང་ འཕྲོད་བསྟེན་སྔོན་འགོག་ཚུ་ནང་ཡང་ མཁོ་འདོད་ཀྱི་ཞབས་ཏོག་དགོཔ་ མང་སུ་འཐོན་འོང་ཟེར་ཨིན་པས།
ཁོ་གིས་ ནན་བསྐྱར་དུ་བཤད་མིའི་ནང་ གནད་དོན་ཚུ་ནང་ མི་སྡེ་ཞབས་ཏོག་དཔྱེ་འབད་བ་ཅིན་ དགོངས་ཞུའི་རྒྱབ་སྐྱོར་དང་ མི་སྡེ་ལས་རིམ་ཚུ་ དགོས་མཁོ་ཡར་སེང་ འགྱོ་འོང་ཟེར་ཨིན་པས།
ལཱ་འབད་མིའི་འབོར་ཚད་ མར་བབས་འགྱོ་མི་དེ་ དགོངས་ཞུ་མང་སུ་འགྱོ་མི་ལུ་བརྟེན་ཨིནམ་ད་ ཟུར་ཕོགས་ཀྱི་སྲིད་བྱུས་དང་ ལས་མིའི་དགོས་མཁོ་དུས་མཐུན་བཟོ་སྟེ་ ཡུན་བརྟན་གནས་ཚུགསཔ་བཟོ་དགོ་ནི་ཨིན་པས།
འདི་བཟུམ་གྱི་འཛིན་སྐྱོང་ཚུ་ དོན་དང་ལྡནམ་སྦེ་ བསྒྱུར་བཅོས་འབད་དགོཔ་འདྲཝ་འབད་བ་ཅིན་ སྲིད་བྱུས་ནང་ ཐབས་བྱུས་དང་ ལག་ལེན་འཆར་གཞི་ཚུ་ ཧིང་སངས་ས་བཀོད་དགོཔ་འདུག་ཟེར་ ཆོས་གྲགས་རྒྱ་མཚོ་གིས་ བཤདཔ་ཨིན་པས།
འཛམ་གླིང་སྤྱི་ཚོགས་མི་རློབས་མ་དངུལ་གྱིས་ སྤྱི་ལོ་༡༩༧༤ ལས་༢༠༢༤ གི་བར་ན་ འཛམ་གླིང་ནང་ སྐྱེས་ལོ་༦༥ ཡན་ཆད་འབད་མིའི་ གྱངས་ཁ་དེ་ ལོག་ལྟབ་སྦེ་ ཡར་སེང་སོང་སྟེ་ བརྒྱ་ཆ་༥.༥ ལས་༡༠.༣ ལུ་ལྷོད་ནུག་ཟེར་ཨིནམ་ད་ འཛམ་གླིང་གི་གནས་ཚད་ནང་ མི་རློབས་རྒས་ཤོས་མང་སུ་ཐོན་མི་དེ་ རྒྱལ་ཁབ་མང་ཤོས་ཅིག་ནང་ མིའི་ཚེ་ཚད་ ཡར་སེང་སོང་བའི་ཁར་ སྐྱེས་རྒྱུན་མར་བབས་འགྱོ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
སྤྱིར་བཏང་ སྲིད་བྱུས་དྲག་ཤོས་དེ་ མི་སེར་ཚུ་ལུ་ རང་དབང་གི་ཐོག་ལས་ ཨ་ལོ་ག་དེ་ཅིག་སྐྱེས་ནི་ཨིན་ན་ ནམ་སྐྱེས་ནི་ཨིན་ན་ ག་དེ་ཅིག་སྐྱེས་ནི་ཨིན་ནའི་ གདམ་ཁ་རྐྱབ་ནི་གི་ གོ་སྐབས་བྱིན་དགོཔ་ད་ དེ་གིས་ ཕམ་ཚུ་ལུ་ རྒྱབ་སྐྱོར་འབད་ཚུགས་པའི་ གནས་སྟངས་ཅིག་ བཟོ་ཚུགས་ནི་ཨིན་མི་དེ་ཡང་ མི་སྡེ་དང་ དཔལ་འབྱོར་ དེ་ལས་ ཕོ་མོ་འདྲ་མཉམ་གྱི་ སྲིད་བྱུས་ཚུ་ཨིན་ཟེར་ ཆོས་གྲགས་རྒྱ་མཚོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་ལུ་ བཟའ་ཚང་ནང་འཁོད་ ཨ་ལོ་གསུམ་པ་སྐྱེས་བཅུག་ཐབས་ལུ་ དངུལ་འབྲེལ་གྱི་ མཐུན་རྐྱེན་བྱིན་ནི་མེན་པར་ གནས་སྟངས་ནང་ རྒྱབ་སྐྱོར་ཚུ་ལེགས་ལྡན་འབད་བ་ཅིན་ དྲག་ནི་མས་ཟེར་ཨིན་པས།
སྐྱེས་རྒྱུན་དེ་ གྱངས་ཁ་རྐྱངམ་གཅིག་ལུ་ གཙོ་བོར་བཟུང་ནི་མེན་པར་ ཐོབ་དབང་དང་ རྒྱབ་སྐྱོར་ཚུ་བྱིན་ཐོག་ལས་ ཨོ་ལུ་མཐའ་སྐྱོང་གི་ སྲིད་བྱུས་དགོ་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement