༉ སྤ་རོ་རྒྱལ་སྤྱི་གནམ་ཐང་དབང་འཛིན་གྱིས་ སྤྱི་ཟླ་༡༢ པའི་ཚེས་༢༢ ལུ་ རྒྱ་གར་གྱི་མི་ཁུངས་ཅིག་གི་ དོ་ཆས་ནང་ལས་ སྨྱོ་རྫས་ཀེ་ཇི་༤.༦ ཐོན་མི་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དོགས་པ་ཅན་དེ་ ད་ལྟོ་ སྤ་རོ་ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
དོགས་པ་ཅན་དེ་ བེང་ཀོག་ལས་ སྤ་རོ་ལུ་ འཕུར་འགྲུལ་འབད་མི་གནམ་གྲུའི་ནང་ འོང་ཡོདཔ་ད་ གནམ་ཐང་ནང་ དུས་རྒྱུན་གྱི་ ཞིབ་དཔྱད་འབད་བའི་སྐབས་ སྨྱོ་རྫས་ཡོདཔ་སྦེ་ བདའ་ཟུན་ཡོདཔ་ཨིན་པས།
གནམ་ཐང་གི་ ཅ་དམ་འགོ་དཔོན་ཚུ་གིས་ ཁོ་གི་དོ་ཆས་ནང་ སྨྱོ་རྫས་ཧི་རོ་ཡེན་ཚུ་ ཆུ་ཤོག་ཅིག་ནང་ སྤུར་ཡོདཔ་སྦེ་ བདའ་ཟུན་ཡོདཔ་ད་ ཁོ་གི་སྨྱོ་རྫས་དེ་ འཕྲུལ་ཆས་ཐོག་ལས་ ཞིབ་དཔྱད་འབདཝ་ད་ གཡིབ་སྟེ་འབག་མི་སྨྱོ་རྫས་དེ་ ངོས་འཛིན་བྱུང་ཡོདཔ་བཞིན་དུ་ མི་ངོམ་དེ་ དེ་འཕྲོ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དོགས་ཅན་དང་ ཁོ་གི་དོ་ཆས་ཚུ་དང་སྦྲགས་ སྤ་རོའི་ ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ཧ་གོ་དོ་བཟུམ་འབད་བ་ཅིན་ མི་ངོམ་དེ་གིས་ བེང་ཀོག་དང་ འབྲུག་གི་བར་ན་ སྨྱོ་རྫས་སྐྱེལ་འདྲེན་འབད་མི་ ཅིག་ཨིནམ་སྦེ་ སླབ་ཡོདཔ་བཞིན་དུ་ ཁོ་གིས་ སྨྱོ་རྫས་དེ་ ཆ་རོགས་ལུ་ སྤྲོད་དོ་ཡོདཔ་སྦེ་ཨིན་པས།
དེ་འབདཝ་ད་ ཁྲིམས་སྲུང་འགག་པ་གིས་ ད་ལྟོ་ སྨྱོ་རྫས་བཀྲམ་སྤེལ་འབད་མི་དང་ རྒྱལ་ཁབ་ནང་ སྨྱོ་རྫས་ལེན་མི་ཚུ་ ངོས་འཛིན་གྱི་དོན་ལུ་ ཞིབ་རྟོག་འབད་དོ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་ལེན་མི་དེ་ ག་ཨིན་ན་ ད་ལྟོ་ ཞིབ་དཔྱད་ཚུ་འབད་བའི་བསྒང་ར་ ཡོད་ཟེར་ཨིན་པས།
ད་ལྟོ་ སྤ་རོའི་ ཁྲིམས་སྲུང་འགག་པ་གིས་ གནད་དོན་འདི་གི་སྐོར་ལས་ ལོ་རྒྱུས་ཚུ་ ག་ནི་ཡང་སླབ་མ་བཏུབ་པར་ རྩོད་གཞི་དེ་ ད་ལྟོའི་བར་ན་ཡང་ དབྱེ་ཞིབ་འབད་བའི་བསྒང་ར་ ཡོད་ཟེར་ཨིན་པས།
ད་རེས་ཀྱི་ འཛིན་བཟུང་འབད་མི་དེ་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ལས་ སྨྱོ་རྫས་ཧི་རོ་ཡེན་འབག་འོང་མི་ ཐེངས་དང་པ་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement