༉ གཞུང་གིས་ རྒྱལ་ཁབ་ནང་ སྨྱོ་རྫས་དང་འབྲེལ་བའི་ གནད་དོན་ཡར་འཕར་སོང་མི་དེ་ སེལ་ཐབས་དོན་ལུ་ ཁྲིམས་ལུགས་དམ་སྒྲིང་དང་ ངེས་པར་དུ་ སྨན་བཅོས་འབད་དགོ་པའི་ ལས་རིམ་འགོ་བཙུགས་ཡོད་རུང་ དེ་གིས་ སྨྱོ་རྫས་ལག་ལེན་འཐབ་པའི་ རྒྱུ་རྐྱེན་ཤེས་རྟོགས་འབྱུང་མ་ཚུགས་པར་ ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་ མི་སྡེ་འགོ་ཁྲིདཔ་མཐུད་འབྲེལ་ཞལ་འཛོམས་སྐབས་ བཅའ་མར་གཏོགས་མི་ཚུ་གིས་ སྲིད་བྱུས་དེ་གིས་ སྨྱོ་རྫས་ལུ་ ལང་ཤོར་ཐལ་མི་ཚུ་གི་བར་ན་ འདྲོག་འབྱེལ་དང་ ཟུར་གནས་ཅིག་ལུ་ འགྱུར་སོ་ནུག་ཟེར་ཨིན་པས།
ཉིན་གྲངས་༢ ཀྱི་ལས་རིམ་དེ་ སེཕ་དཱ་ཅིལ་ཌེན་ཟེར་མི་ ཨ་ལུ་ཉེན་སྐྱོབ་ལས་སྡེའི་ རྒྱབ་སྐྱོར་ཐོག་ལས་ གཅིག་མཐུན་ཕན་བདེ་ཚོགས་པ་གིས་ འགོ་འདྲེན་འཐབ་སྟེ་ སྤྱི་ཟླ་༡ པའི་ཚེས་༡༠ ལུ་ མཇུག་བསྡུ་ཡོདཔ་ཨིན་པས།
ལས་རིམ་ནང་ སྨྱོ་རྫས་ལག་ལེན་འཐབ་སྟེ་ ལེགས་ཤོམ་སོང་མི་ རྫོང་ཁག་༧ ལས་ ངོ་ཚབ་༢༥ དེ་ཅིག་གིས་ བཅའ་མ་གཏོགས་ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ སླབ་མིའི་ནང་ ད་ལྟོའི་ལམ་ལུགས་ལུ་བརྟེན་ སྨྱོ་རྫས་ལག་ལེན་འཐབ་མི་ མར་ཕབ་འབད་ནི་མེན་པར་ ཁྲིམས་འགལ་དང་ སྨྱོ་རྫས་ནང་ ལང་ཤོར་ཐལ་མི་ཚུ་ལུ་ ཧེང་སྐལ་ར་ གནོད་པ་བྱུངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བཅའ་ཁྲིམས་དམ་སྒྲིང་གིས་ ཁེ་ཕན་མེན་པར་ འདྲོག་འབྱེལ་འཐབ་བཅུག་པའི་ཁར་ ཟུར་སྡོད་ཀྱི་གནས་སྟངས་ནང་ བཞག་དོ་ཡོདཔ་ལས་ ཉེས་བྱ་དང་ ཉེས་ཁྲིམས་མེན་པར་ རྒྱབ་སྐྱོར་དགོཔ་འདུག་ཟེར་ དགེ་ལེགས་ཀྱི་འཐུས་ཚབ་ པདྨ་རྡོ་རྗེ་གིས་ བཤདཔ་ཨིན་པས།
སྲིད་བྱུས་ཀྱི་དཀའ་ངལ་དང་ དང་ལེན་འབད་དགོཔ།
ཁྲིམས་ལུགས་དམ་སྒྲིང་དང་ བསྟར་སྤྱོད་འབད་ནི་ ཡར་སེང་འབད་ཡོད་རུང་ སྨྱོ་རྫས་དང་འབྲེལ་བའི་ གནད་དོན་དེ་ ཡར་སེང་འགྱོ་བཞིན་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༨ ལས་༢༠༢༣ ནང་འཁོད་ལུ་ སྨྱོ་རྫས་དང་བའི་ གནད་དོན་དེ་༩,༥༥༢ ཐོ་བཀོད་འབད་ཡོདཔ་ད་ ན་ཧིང་རྐྱངམ་གཅིག་ར་ གནད་དོན་༡,༥༡༢ ཐོ་བཀོད་འབད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ གནད་དོན་༥༩ མར་བབས་སོང་ཡོདཔ་ཨིན་པས།
འབྲུག་གི་དོན་ལུ་ སྨྱོ་རྫས་ལག་ལེན་འཐབ་སྟེ་བཀོག་བཞག་མཐུན་ཚོགས་ འགོ་འདྲེན་འཐབ་མི་གི་ ངོ་ཚབ་ཚུ་གིས་ འཕྲལ་མཁོ་ཅན་ཅིག་སྦེ་ ཉེས་ཁྲིམས་བཀལ་ནི་དང་ ཐབས་ཤེས་ལས་རྙིང་རྗེ་དང་ སྒྲུབ་བྱེད་གཞི་བཞག་ཐབས་ལམ་ དེ་ལས་ གསོ་བའི་ཐབས་ལམ་ལུ་ གཙོ་རིམ་བཟུང་དགོཔ་སྦེ་ བཤདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ ད་ལྟོའི་ སྨྱོ་རྫས་སྲིད་བྱུས་དང་ མཁོ་འདོད་ཐབས་བྱུས་ མར་ཕབ་འབད་ནི་དེ་ མཁར་འཁྱོལ་བྱུང་མ་ཚུགས་པས་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འདས་པའི་ལོ་དང་ཕྱདཔ་ད་ སྨྱོ་རྫས་ལག་ལེན་འཐབ་མི་དེ་ བརྒྱ་ཆ་༢༡༤ དེ་ཅིག་ ཡར་འཕར་སོང་ཡོདཔ་སྦེ་ སྙན་ཞུ་འབད་མི་གིས་ ཉེས་བྱ་དང་ ཉེས་ཁྲིམས་བཀལ་མི་ ལམ་ལུགས་དེ་གིས་ དཀའ་ངལ་དེ་ སེལ་ཐབས་མ་ཚུགསཔ་སྦེ་ བརྡ་མཚོན་སྟོནམ་མས་ཟེར་ ངོ་ཚབ་ཚུ་གིས་ བཤདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ ལག་ལེན་དངོས་བསྟར་དང་ དོན་སྨིན་ཅན་ཐབས་ལམ་ ངེས་བརྟན་ལུ་ སྲིད་བྱུས་བརྩམ་པའི་སྐབས་དང་ ལས་རིམ་ཚུ་ནང་ སྨྱོ་རྫས་ལག་ལེན་ནང་ ཉམས་མྱོང་ཡོད་མི་ ངོ་རྐྱང་ཚུ་ཡང་ གྲལ་གཏོགས་འབད་དགོཔ་འདུག་ཟེར་ཨིན་པས།
ལམ་ལུགས་དང་འབྲེལ་བའི་ དཀའ་ངལ་དེ་གིས་ དོན་མེད་ཀྱི་ སེམས་ཁམས་ཀྱི་སྟབས་མ་བདེཝ་ཚུ་ བྱུང་དོ་ཡོདཔ་ཨིན་པས།
ཞལ་འཛོམས་སྐབས་ རྒྱལ་ཁབ་ཀྱི་ སྨྱོ་རྫས་སྲིད་བྱུས་དང་ ལམ་ལུགས་ནང་ སྟབས་མ་བདེཝ་ཚུ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ མི་སྡེ་དང་ དཔལ་འབྱོར་ དེ་ལས་ སེམས་ཁམས་རིག་པ་དང་འབྲེལ་བའི་ དཀའ་ངལ་སེལ་ནི་ལུ་ ཐབས་ལམ་ཆ་ཚང་ཅིག་མེདཔ་སྦེ་ ལཱ་གཡོག་མ་ཐོབ་མི་དང་ ཤེས་ཡོན་ དེ་ལས་ སེམས་ཁམས་དང་འབྲེལ་བའི་ གསོ་བའི་གནད་དོན་ལུ་བརྟེན་ སྨྱོ་རྫས་ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ཞལ་འཛོམས་ཀྱི་ གྲོས་འདེབས་ཚུ་ཡང་ གཞུང་དང་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ བྱིན་ནི་ཨིན་པས།
ཐིམ་ཕུག་དང་ སྤ་རོ་ དེ་ལས་ ས་མཚམས་ཁྲོམ་ཀྱི་ ངོ་ཚབ་ཚུ་གིས་ ཧེ་མ་ སྨྱོ་རྫས་ཨིསི་པསི་མོ་ པོ་རོསི་བཱོན་དང་ ཀེ་ཧང་ལས་ ད་རེས་ སྨྱོ་རྫས་ བ་ར་འུན་ ཤུ་གར་ལག་ལེན་འཐབ་མི་དེ་ ཡར་འཕར་སོང་ནུག་ཟེར་ཨིན་པས།
བཅའ་མར་གཏོགས་ཚུ་གིས་ བཤད་མིའི་ནང་ གནས་སྟངས་གསརཔ་ནང་ མཁོ་འདོད་མར་ཕབ་ཐབས་བྱུས་ཀྱིས་ སེལ་ཐབས་འབད་མ་ཚུགས་པར་ མི་སྡེ་དེ་ ཉེན་ཁ་ཅན་ཅིག་ བཟོཝ་མས་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ངོ་ཚབ་ ཚེ་རིང་དབང་ཕྱུག་གིས་ སླབ་མིའི་ནང་ སྨྱོ་རྫས་ ཧི་རོ་འིན་དེ་ ཚ་གྱང་ཆེ་ཤོས་ཅིག་ཨིནམ་ད་ ང་བཅས་རའི་ དབང་འཛིན་གྱིས་ གནད་དོན་དེའི་སྐོར་ལས་ ལེགས་ཤོམ་སྦེ་ མ་ཤེས་པའི་ཁར་ གསེ་བའི་ལས་བྱེདཔ་ཚུ་གིས་འབད་རུང་ བདག་འཛིན་འཐབ་ནི་ལུ་ གྲ་སྒྲིག་མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཕྲལ་མགྱོགས་ར་ ཧི་རོ་འིན་དེ་ དར་ཁྱབ་སོང་སྟེ་ མི་སྡེ་ལུ་ དཀའ་ངལ་བཟོ་ནིའི་ ཉེན་ཁ་ཡོདཔ་ལས་ འཕྲལ་མཁོ་ཅན་ཅིག་སྦེ་ར་ དང་ལེན་འབད་དགོཔ་འདུག་ཟེར་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ སྨྱོ་རྫས་ཚད་ལས་བརྒལ་ལག་ལེན་འཐབ་མི་བཀག་ཐབས་དང་ ན་ལོ་ཟོན་ཡོདཔ་བཟོ་ནི་ དེ་ལས་ སྨྱོ་རྫས་ཉེན་ཁ་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ གསོ་བའི་ལས་བྱེདཔ་ཚུ་ལུ་ སྦྱོང་བརྡར་ཚུ་ འབད་དགོཔ་འདུག་ཟེར་ཨིན་པས།
སྨྱོ་རྫས་ལོག་ ལག་ལེན་འཐབ་མི་ ཚད་གཞི་ཡར་འཕར་དེ་ཡང་ བསྐྱར་གསོ་ལྟེ་བ་ལངམ་མེད་མི་དང་ བསླབ་སྟོན་ཞབས་ཏོག་ མི་སྡེ་ལས་ཚོགས་ཚུ་དང་ མཉམ་མེད་པའི་ གནད་དོན་ལ་སོགས་པ་ལུ་བརྟེན་ཨིན་པས།
ཐིམ་ཕུག་གི་ ངོ་ཚབ་ཀྱིས་ སླབ་མིའི་ནང་ ཞབས་ཏོག་དུས་ཚོད་ཁར་ མ་བྱིན་མི་ལུ་བརྟེན་ ཕྱིས་དོ་ཡོདཔ་ད་ ཞབས་ཏོག་མང་ཤོས་ར་ ཐིམ་ཕུག་ལུ་ གཞི་བཙུགས་འབད་དེ་ཡོད་རུང་ དེ་ཚུ་ཡང་ སྤྱོད་བཏུབ་མིན་འདུག་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།