༉ གཞུང་གིས་ རྒྱལ་ཡོངས་ཤེས་རིག་སྲིད་བྱུས་༢༠༢༤ ཅན་མ་ ཆ་འཇོག་འབད་དེ་ ཟིན་བྲིས་ནང་ ལོ་ངོ་མང་རབས་ཅིག་ལུས་ཡོདཔ་ད་ དེ་གིས་ ཤེས་རིག་ལས་སྡེ་ སྲིད་དོན་དབང་དུ་ཐལ་ནི་དང་འབྲེལ་བའི་ གནད་དོན་ཚུ་ སེལ་ཐབས་འབད་མ་ཚུགས་པར་ ཡོདཔ་ཨིན་པས།
ཤེས་རིག་མཁས་མཆོག་ཚུ་གིས་ སྲིད་བྱུས་རྐྱངམ་གཅིག་གིས་ སྲིད་དོན་གྱི་ དབང་དུ་ཐལ་ནི་ལས་ ཉེན་སྐྱོབ་འབད་མི་ཚུགས་ནི་ཨིནམ་ལས་ བཅའ་ཁྲིམས་ཅིག་ ངེས་པར་དུ་ དགོཔ་འདུག་ཟེར་ཨིན་པས།
ཧེ་མ་ མང་ཤོས་ཅིག་གིས་ ཤེས་རིག་སྲིད་བྱུས་ཀྱིས་ ད་ལྟོ་ཡོད་པའི་ གདོང་ལེན་དང་ ལས་སྡེ་ནང་འཁོད་ལུ་ཡོད་པའི་ སྟབས་མ་བདེཝ་ཚུ་བསལ་ནི་ལུ་ ཡིད་ཆེས་བསྐྱེད་དོ་ཡོདཔ་ཨིན་པས།
ཨིན་རུང་ སྲིད་བྱུས་དེ་ གཞུང་གིས་ འཛིན་སྐྱོང་འཐབ་དོ་ཡོདཔ་ལས་ དེ་གིས་ ཁེ་ཕན་མི་འབྱུང་ནི་མས་ཟེར་ སྐྱོན་བརྗོད་འབད་མི་ཚུ་ཡང་ ཐན་ཡོདཔ་ཨིན་པས།
ཤེས་རིག་བཅའ་ཁྲིམས་དེ་ སྣ་མང་ལས་སྡེའི་གྲལ་གཏོགས་ཐོག་ལས་ གྲོས་བསྟུན་འབད་བའི་ ཤེས་རིག་འཆར་གཞི་༢༠༡༤-༢༤གི་བར་ནའི་ ཁག་ཆེ་བའི་ཆ་ཤེས་ཅིག་ཨིན་པས།
ཨིན་རུང་ ལས་རིམ་དེ་གིས་ དམིགས་གཏད་འགྲུབ་ མ་ཚུགས་པར་ ལུས་ཡོདཔ་བཞིན་དུ་ གཞི་བཀོད་ནང་ ཤེས་རིག་གཞི་བཀོད་ཆ་ཚང་ཅིག་ དགོ་ཡོདཔ་ཨིན་པས།
སྤྱི་ཚོགས་༤ པའི་ ཚོགས་ཐེངས་༡ པའི་ནང་ རྒྱལ་ཡོངས་ཚོགས་འདུ་གིས་ འཐུས་མི་ཚུ་ལས་ བསམ་འཆར་མ་འདྲཝ་ཡོདཔ་ལས་ ཤེས་རིག་དཔྱད་ཡིག་གུ་ གསུང་གྲོས་གནང་ནི་དེ་ ཕར་འགྱངས་འབད་དེ་ ཡོདཔ་ཨིན་པས།
ཚོགས་བཞུགས་སྐབས་ ལྷོ་ཐིམ་ཕུག་གི་འཐུས་མི་ ཚེ་དབང་རིག་འཛིན་གྱིས་ ་ ཤེས་རིག་དེ་ སྲིད་དོན་གྱི་ དབང་དུ་མི་ཐལ་ནི་ལས་ བཀག་ཐབས་དང་ དགོས་མཁོ་ཅན་གྱི་ ཤེས་རིག་གཞི་སྒྱུར་ལུ་གཙོ་བོ་བཏོན་ནི་ དམིགས་བསལ་དུ་ ད་རེ་ ཤེས་རིག་ལས་སྡེ་ནང་ འགྱུར་བ་སོང་མི་ལུ་དམིགས་ཏེ་ ཤེས་རིག་དཔྱད་ཡིག་གི་ གྲོས་དོན་ཕུལ་ནུག།
ཁོ་གིས་འབད་བ་ཅིན་ གྲུབ་འབྲས་ག་ནི་ཡང་ བཏོན་མ་ཚུགས་པར་ འདས་པའི་གཞུང་གིས་ ཤེས་རིག་དེ་ སྲིད་དོན་གྱི་ ཐབས་ལམ་ཅིག་སྦེ་ ལག་ལེན་འཐབ་ཅི་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་ནང་ ཤེས་རིག་གི་དཔྱད་ཡིག་གི་སྐོར་ལས་ གྲོས་བསྡུར་རྒྱས་པར་འབད་བའི་སྐབས་ ཤེས་རིག་དང་རིག་རྩལ་གོང་འཕེལ་བློན་པོ་ ཡིད་བཟང་ཌི་ཐཱ་པ་གིས་ རྒྱལ་ཡོངས་ཤེས་རིག་སྲིད་བྱུས་༢༠༢༤ ཅན་མ་གིས་ ད་རེས་ སྲིད་བྱུས་དང་འབྲེལ་བའི་ དཀའ་ངལ་ཐོན་མི་ཚུ་ སེལ་ཐབས་འབད་ཚུགས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ སྲིད་བྱུས་དེ་ གནས་སྐབས་ཀྱི་ ཐབས་ལམ་ཅིག་སྦེ་ ལག་ལེན་འཐབ་ནི་ཨིནམ་ད་ མ་འོངས་པ་ལུ་ དགོས་མཁོ་དང་འཁྲིལ་ཏེ་ བཅའ་ཁྲིམས་དེ་ བརྩམ་འོང་ཟེར་ཨིན་པས།
ཨིན་རུང་ སྲིད་བྱུས་དེ་ སྲིད་དོན་གྱི་ དབང་ལུ་ཤོར་ནི་གི་ ཉེན་ཁ་ཡོདཔ་ད་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཆ་འཇོག་གྲུབ་མི་ སྲིད་བྱུས་ཀྱིས་ སྲིད་དོན་གྱི་ གནད་དོན་བསྒྱུར་བཅོས་འབད་ཚུགས་ནི་ཨིནམ་ད་ གལ་སྲིད་ བཅའ་ཁྲིམས་ཨིན་པ་ཅིན་ ཁྲིམས་བཟོ་དང་འབྲེལ་བའི་ བྱ་སྒོ་ལེ་ཤ་འགྱོ་དགོ་ཟེར་ འཐུས་མི་ཚུ་གིས་ བཤདཔ་ཨིན་པས།
ཤེས་རིག་གི་མཁས་མཆོག་ཅིག་གིས་ སླབ་མིའི་ནང་ སྲིད་བྱུས་དེ་ སྤྱིར་བཏང་ ལམ་སྟོན་བསྡུ་ལེན་འབད་མི་ཅིག་འབདཝ་ལས་ གཞུང་གི་གྲོས་ཆོད་བཀག་ཐབས་འབད་ནི་ལུ་ ཁེ་དབང་མེད་ཟེར་ཨིན་པས།
གལ་སྲིད་ བཅའ་ཁྲིམས་ཅིག་ཡོད་པ་ཅིན་ ལྷན་རྒྱས་གཞུང་ཚོགས་ཀྱིས་ དཔྱད་ཡིག་དེ་ སྤྱི་ཚོགས་ནང་ མ་འགྱོ་བར་ དོན་ཚན་ ཡང་ཅིན་ དོན་འགྲེལ་བསྒྱུར་བཅོས་ འབད་མི་ཚུགས་ཟེར་ཨིན་པས།
ལ་ལོ་ཅིག་གིས་ གལ་སྲིད་ དཔྱད་ཡི་དེ་ བསྐྱར་ཞིབ་ཀྱི་དོན་ལུ་ བྱིན་ཏེ་ཡོད་པ་ཅིན་ སྤྱི་ཚོགས་ཀྱི་ མང་མོས་ཐོག་ལས་ འཕྲི་སྣོན་འབད་ཚུགས་པའི་ གོ་སྐབས་འདུག་ཟེར་ཨིན་པས།
ཨིན་རུང་ འཐུས་མི་ཚུ་གི་བར་ན་ བསམ་འཆར་སྣ་ཚོགས་ཡོད་མི་ལུ་བརྟེན་ འཇམ་ཏོང་ཏོ་སྦེ་ བཅའ་ཁྲིམས་བརྩམ་ནི་མི་ཚུགས་ནི་བཟུམ་མའི་ བརྡ་མཚོན་སྟོན་དོ་ཡོདཔ་ད་ དཔེར་ན་ ད་ལྟོའི་ གཞུང་སྐྱོང་གི་འཐུས་མི་ ལ་ལོ་ཅིག་གིས་ ཤེས་རིག་བཅའ་ཁྲིམས་ལུ་ ངོས་ལེན་མེདཔ་ཨིན་པས།
ཤེས་རིག་གི་ འཆར་གཞི་ཨམ་གྱི་ལས་སྣ་ རྒྱལ་ཡོངས་སློབ་དཔོན་ཚོགས་སྡེ་ གཞི་བཙུགས་འབད་དགོཔ་ཡོད་མི་དེ་ གྲུབ་མ་ཚུགས་པར་ཡོདཔ་བཞིན་དུ་ དེ་ཡང་ རྒྱལ་ཡོངས་ཤེས་རིག་སྲིད་བྱུས་༢༠༢༤ ཅན་མའི་ནང་ ཚུད་དེ་ཡོདཔ་ཨིན་པས།
ཚོགས་དེ་གིས་ སློབ་དཔོན་འཛུལ་བཞུགས་ཀྱི་ ལམ་ལུགས་གནད་ཚན་ཅན་བཟོ་ནི་དང་ ཆོག་ཐམ་ ཁྱད་རིག་འགོ་འདྲེན་ དེ་ལས་ སློབ་དཔོན་ཚུ་ལུ་ ཁྱད་རིག་གི་ གནས་ཚད་འགྲུབ་ནི་ལུ་ ངེས་བརྟན་བཟོ་ཚུགས་ནི་ཨིན་པས།
ཚོགས་སྡེའི་ ཕན་ནུས་དེ་ དབང་འཛིན་གྱི་ རང་དབང་ལུ་ རག་ལས་ནི་ཨིནམ་ད་ གལ་སྲིད་ ཁྲི་འཛིན་ ཡང་ཅིན་ འཐུས་མི་ཚུ་ ངོ་ཚབ་སྦེ་ གདམ་འཐུ་འབད་བ་ཅིན་ གྲོས་ཆོད་དེ་ སྲིད་དོན་ལུ་ དབང་ལུ་ཐལ་ནི་ ཉེན་ཁ་ཡོད་པའི་སྐོར་ལས་ བཤདཔ་ཨིན་པས།
གལ་སྲིད་ ཁྲི་འཛིན་དང་ ཡང་ཅིན་ འཐུས་མི་ཚུ་ གདམ་འཐུ་ལས་གྲུབ་པའི་ ངོ་ཚབ་ཚུ་ལས་ཨིན་པ་ཅིན་ གྲོས་ཆོད་དང་ སྲིད་བྱུས་དེ་ སྲིད་དོན་མཐའ་དོན་ལུ་ དབང་ལུ་ཐལ་འོང་ཟེར་ མཁས་མཆོག་ཚུ་གིས་ བཤདཔ་ཨིན་པས།
ལ་ལོ་ཅིག་གིས་ བཀོད་མིའི་ནང་ ཚོགས་སྡེ་དེ་ སྲིད་བྱུས་དང་ མཉམ་སྡེབ་འབད་དེ་ཡོདཔ་ལས་ སྲིད་དོན་ལས་ འབྲེལ་བ་མེད་མི་ འཐུས་མི་ཡོད་རུང་ ཁྱད་པར་ཅིག་ བཟོ་མི་ཚུགས་ཟེར་ཨིན་པས།
ཚོགས་སྡེ་ཡང་ སྲིད་བྱུས་དང་ དགོས་མཁོ་དང་འཁྲིལ་ཏེ་ བཟོ་ཡོདཔ་ད་ སྲིད་བྱུས་ཀྱི་ མཐའ་དཔྱད་དོན་ཚན་ཚུ་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཆ་འཇོག་འབད་ཡོདཔ་ཨིན་པས།
སྐྱོན་བརྗོད་འབད་མི་ ལ་ལོ་ཅིག་གིས་ འཆར་གཞི་དང་ སྲིད་བྱུས་ཚུ་ འཕྲོ་མཐུད་དེ་ར་ བཞག་ཐབས་ལུ་ ཤེས་རིག་ལས་སྡེ་ལུ་ རང་དབང་ཆ་ཚང་བྱིན་དགོ་པའི་ བསམ་འཆར་བཀོད་དོ་ ཡོདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ ཤེས་རིག་ལྷན་ཁག་མེདཔ་བཟོ་སྟེ་ སྲིད་དོན་དབང་འཛིན་ལས་ རང་དབང་ཅན་གྱི་ ལས་སྡེ་ཅིག་ བཟོ་དགོ་པའི་ གྲོས་འཆར་ཡང་ བཀོད་དོ་ཡོདཔ་ཨིན་པས།
ཡུན་བརྟན་གནས་ཐབས་ལུ་ ཐབས་ལམ་གཞན་ ཤེས་རིག་དེ་ རང་དབང་ཅན་གྱི་ ལས་སྡེ་ཅིག་སྦེ་བཟོ་ཐོག་ལས་ སློབ་དཔོན་ཚུ་ ཞི་གཡོག་ལས་ ཐ་དད་བཟོ་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement