༉ མ་འོངས་ལོ་༥ འི་ནང་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ རྩ་ཆེ་བའི་སྲོལ་ཁྱུན་ས་ཁོངས་ བུམ་ཐང་བྱམས་པ་ལྷ་ཁང་དང་ གཏམ་ཞིང་ལྷ་ཁང་ གཞལམ་སྒང་ ཀྲོང་གཡུས་ཚན་ དེ་ལས་ རྩ་ཅན་གྱི་གནས་ཅིག་ གདམ་ཁ་རྐྱབ་སྟེ་ ལེགས་ཤོམ་སྦེ་ འཛིན་སྐྱོང་ངེས་བརྟན་བཟོ་ཐབས་ལུ་ ས་གནས་ཀྱི་ མི་ཚུ་གི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབད་ནི་ཨིན་པས།
ས་ཁོངས་ཚུ་ཡང་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ རྒྱལ་རབས་དང་ ལམ་སྲོལ་གལ་ཅན་ལུ་ གཞི་བཞག་སྟེ་ གདམ་ཁ་རྐྱབ་ཡོདཔ་ད་ ལས་འགུལ་གྱི་དོན་ལུ་ ཡུ་ནིསི་ཀོ་/ ཀོ་རི་ཡཱན་བློ་གཏད་མ་དངུལ་གྱིས་ རྒྱབ་སྐྱོར་འབད་ནི་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡༢ ལུ་ ལས་ཁུངས་ཀྱིས་ ཡུ་ནིསི་ཀོ་/ཀོ་རི་ཡཱན་བློ་གཏད་མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ ཡུ་ནིསི་ཀོ་/ཀོ་རི་ཡཱན་བློ་གཏད་མ་དངུལ་ལས་འགུལ་ ལྷོ་ཨེ་ཤི་ཡཱན་སྲོལ་རྒྱུན་ས་ཁོངས་འཛིན་སྐྱོང་ རྩོལ་སྒྲུབ་ཅིག་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ལས་འགུལ་གྱིས་ ལྷོ་ཨེ་ཤི་ཡ་ དམིགས་བསལ་དུ་ འབྲུག་དང་ ནེ་པཱལ་ལུ་ གཙོ་རིམ་བཟུང་སྟེ་ སྲོལ་རྒྱུན་ས་ཁོངས་ཚུ་ འཛིན་སྐྱོང་ཡར་དྲག་གཏང་ཚུགས་ནི་ཨིན་པས།
འབྲུག་དང་ ནེ་པཱལ་ལུ་ ཡུ་ཨེསི་ཌོ་ལར་༦༠༠,༠༠༠ བགོ་བཀྲམ་འབད་བའི་ཁར་ ཐབས་རིག་གི་ རྒྱབ་སྐྱོར་ཚུ་ཡང་ འབད་ནི་ཨིན་པས།
སྲོལ་རྒྱུན་ཉམས་སྲུང་གིས་ མ་ཚད་པར་ ལུང་ཕྱོགས་ནང་ ཡུན་བརྟན་གོང་འཕེལ་གཏང་ཚུགས་ནི་གི་ རེ་བ་ཡོདཔ་ཨིན་པས།
ལས་འགུལ་ལུ་བརྟེན་ ཡིག་ཆ་དང་ ཉམས་སྲུང་ དེ་ལས་ སྲོལ་རྒྱུན་ས་ཁོངས་ཚུ་ འཛིན་སྐྱོང་ཡར་དྲག་དང་ སྲོལ་རྒྱུན་ཉེན་སྲུང་དང་ ཡུན་བརྟན་དཔལ་འབྱོར་གོང་འཕེལ་དང་འབྲེལ་བའི་ ཡུན་བརྟན་གོང་འཕེལ་གྱི་དམིགས་ཡུལ་ཚུ་ འགྲུབ་ཚུགས་ནི་ཨིན་པས།
ཡུ་ནིསི་ཀོ་གིས་ སྲོལ་རྒྱུན་གཙོ་ཅན་ཚུ་གི་དོན་ལུ་ འཛིན་སྐྱོང་འཆར་གཞི་ཚུ་ གྲ་སྒྲིག་འབད་ནི་ཨིན་པས།
སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་ སྲོལ་རྒྱུན་ས་ཁོངས་དང་ གནའ་ཤུལ་བརྟག་ཞིབ་རིག་པའི་སྡེ་ཚན་གྱི་གཙོ་འཛིན་ ཡེ་ཤེས་བསམ་གྲུབ་ཀྱིས་ སླབ་མིའི་ནང་ ལས་འགུལ་གྱི་ ཐུན་མོང་མིན་པའི་ཁྱད་ཆོས་དེ་ མི་སྡེ་འབྲེལ་གཏོགས་འབད་ནི་དང་ མཐོང་ཚུལ་ཚུ་ སྲོལ་རྒྱུན་འཛིན་སྐྱོང་འཆར་གཞི་ནང་ གཅིག་སྒྲིལ་འབད་འོང་ཟེར་ཨིན་པས།
ས་གནས་དབང་འཛིན་དང་ མི་སྡེ་ཚུ་ལུ་ དབང་ཆ་བྱིན་ཏེ་ ལས་འགུལ་གྱིས་ སྲོལ་རྒྱུན་འཛིན་སྐྱོང་དེ་ གོང་འཕེལ་འཆར་གཞི་སྦོམ་ནང་ གཅིག་སྒྲིལ་འབད་ནི་དང་ ཡུན་བརྟན་ལྟ་བཤལ་གོང་འཕེལ་ དེ་ལས་ ལཱ་གཡོག་གི་ གོ་སྐབས་གཏང་ནིའི་ རེ་བ་ཡོད་ཟེར་ཨིན་པས།
འཛིན་སྐྱོང་འཆར་གཞི་དེ་ ལམ་སྲོལ་སྲོལ་རྒྱུན་བཅའ་ཡིག་༢༠༡༦ ཅན་མ་དང་ འཛམ་གླིང་སྲོལ་རྒྱུན་ས་ཁོངས་ལམ་སྟོན་དང་འཁྲིལ་ཏེ་ བཟོ་ནི་ཨིན་པས།
ལས་འགུལ་གྱི་དོན་ལུ་ དོན་སྨིན་ཅན་སྦེ་ སྲོན་རྒྱུན་འཛིན་སྐྱོང་དང་ ཉེན་སྐྱོབ་ངེས་བརྟན་བཟོ་ནི་ལུ་ གྲོས་འཛོམས་ཚུ་ འགོ་འདྲེན་འཐབ་ནི་དང་ ལས་འགུལ་གྱི་ལོ་མཇུག་ལུ་ ལས་ཁུངས་ཀྱིས་ ལུང་ཕྱོགས་ནང་ འཛིན་སྐྱོང་རྩོལ་སྒྲུབ་གྲོས་འཛོམས་ཅིག་ འགོ་འདྲེན་འཐབ་ནི་ཨིན་པས།
ནང་སྲིད་དྲུང་ཆེན་ བསོད་ནམས་དབང་རྒྱལ་གྱིས་ སླབ་མིའི་ནང་ འབྲུག་གིས་ ཡུ་ནིསི་ཀོ་དང་ མཉམ་འབྲེལ་ཐོག་ལས་ སྤྱི་ལོ་༢༠༡༤ ལས་ར་ སྲོལ་རྒྱུན་ས་ཁོངས་ཉེན་སྐྱོབ་དང་ གོ་བ་བརྡ་སྤྲོད་ཚུ་འབད་ནི་ འགོ་བཙུགས་ཡོདཔ་ད་ ཡུ་ནིསི་ཀོ་གིས་ ལམ་སྲོལ་སྲོན་རྒྱུས་དཔྱད་ཡིག་༢༠༡༦ ཅན་མ་ བཟོ་ནི་ལུ་ཡང་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ཡུ་ནིསི་ཀོ་/ཀོ་རི་ཡཱན་བློ་གཏད་མ་དངུལ་ལས་ ཀཱིལ་ བཱའེ་ ལི་གིས་ སླབ་མིའི་ནང་ ལས་འགུལ་གྱིས་ རྒྱལ་སྤྱི་མཉམ་འབྲེལ་ཡར་དྲག་གཏང་སྟེ་ འབྲུག་གི་སྲོལ་རྒྱུན་ཚུ་ འཛམ་གླིང་ནང་ འགྲེམས་སྟོན་འབད་ཚུགས་ཟེར་ཨིན་པས།
ལས་འགུལ་དེ་ ཡུན་བརྟན་གོང་འཕེལ་གྱི་དམིགས་ཡུལ་ དམིགས་བསལ་དུ་ ཡུན་བརྟན་གོང་འཕེལ་གྱི་དམིགས་ཡུལ་༡༡.༤ དང་ རིམ་སྒྲིག་སྟེ་ཡོདཔ་ད་ དམིགས་ཡུལ་དང་འཁྲིལཝ་ད་ འཛམ་གླིང་ལམ་སྲོལ་སྲོལ་རྒྱུན་ཉེན་སྐྱོབ་འབད་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
ཡུན་བརྟན་གོང་འཕེལ་གྱི་དམིགས་ཡུལ་༨ ནང་ ཡུན་བརྟན་ལྟ་བཤལ་གོང་འཕེལ་གཏང་དགོཔ་སྦེ་ བཀོད་དེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement