༉ བཙག་འཐུའི་སྐབས་ གཞུང་གིས་ མི་སྡེའི་ནང་ དགོས་མཁོ་དང་འཁྲིལ་ཏེ་ སྤྱི་འོག་ཚུ་ནང་ སློབ་གྲྭ་ཚུ་ གཞི་བཙུགས་འབད་ནིའི་ ཁས་བླངས་འབད་དེ་ཡོད་རུང་ ལོ་བསྟར་བཞིན་དུ་ སློབ་གྲྭ་ཚུ་ནང་ སློབ་ཕྲུག་འཛུལ་ཞུགས་འབད་མིའི་ གྱངས་ཁ་མར་བབས་སོང་མི་ལུ་བརྟེན་ ཁས་བླངས་འགྲུབ་ནི་ལུ་ གདོང་ལེན་འབྱུང་ནི་བཟུམ་ཅིག་ ཡོདཔ་ཨིན་པས།
སྤྱི་འོག་སློབ་གྲྭ་ནང་ ཨ་ལུ་གཅེས་སྐྱོང་དང་ཡར་སྐྱེད་གོང་འཕེལ་ལྟེ་བ་དང་ བློ་གསར་སློབ་རིམ་ལས་ སློབ་རིམ་༣ ཚུན་གྱི་ སློབ་གྲྭ་ཚུ་ ཚུད་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་གིས་ འཕྲོ་མཐུད་དེ་ར་ སློབ་གྲྭ་ཚུ་ ཁུངས་ལྡན་བཟོ་ནི་གི་ ལས་སྣ་ཚུ་ འབད་དོ་ཡོདཔ་བཞིན་དུ་ དེ་ནང་ སློབ་གྲྭ་གི་གྱངས་ཁ་ཚུ་ མར་ཕབ་འབད་ནི་ལུ་ གཙོ་རིམ་བཟུང་དོ་ ཡོདཔ་ཨིན་པས།
ལས་རིམ་དེ་ཡང་ འདས་པའི་གཞུང་གི་སྐབས་ འགོ་བཙུགས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༩ གི་ ལྷན་རྒྱས་གཞུང་ཚོགས་ཀྱི་ བཀའ་རྒྱ་དང་འཁྲིལ་བ་ཅིན་ སློབ་གྲྭ་ཚུ་ ཁུངས་ལྡན་དེ་ཡང་ བདག་སྐྱོང་དང་ གཞུང་སྐྱོང་ དངུལ་འབྲེལ་ དེ་ལས་ ཞབས་ཏོག་ཚུ་ རྒྱབ་སྐྱོར་ཐོག་ལས་ དོན་སྨིན་ཅན་སྦེ་ ཤེས་རིག་ངེས་བརྟན་ བཟོ་ནི་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ཀྱིས་ ཤེས་རིག་ལྷན་ཁག་ལུ་ ཁུངས་ལྡན་བསམ་གཞི་དེ་ བརྟག་ཞིབ་འབད་དེ་ ལག་ལེན་འཐབ་ནི་ལུ་ ཚད་གཞི་དམ་སྒྲིང་ཅིག་ བཟོ་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
དེ་མ་ཚད་ ལྷན་རྒྱས་གཞུང་ཚོགས་ཀྱིས་ འདེམས་ཁོངས་རེ་ནང་ ནང་སྡོད་ཞབས་ཏོག་ཡོད་མི་ སློབ་རིམ་༡༢ ཚུན་གྱི་ སློབ་གྲྭ་ཅིག་དང་ རྒེད་འོག་རེ་ནང་ སློབ་རིམ་༡༠ པ་ཚུན་ཡོད་པའི་ སློབ་གྲྭ་ཅིག་ དེ་ལས་ སྤྱི་འོག་རེ་ལུ་ སློབ་རིམ་༦ པ་ཚུན་ཡོད་མི་ སློབ་གྲྭ་ཅིག་ གཞི་བཙུགས་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
ཨིན་རུང་ ལས་རིམ་དེ་ལུ་བརྟེན་ སློབ་གྲྭ་མང་རབས་ཅིག་ སྒོ་བསྡམས་དགོཔ་བྱུང་མི་དེ་གིས་ ས་གནས་ཀྱི་མི་ཚུ་ སེམས་དང་མ་ལྡན་པར་ཡོདཔ་ཨིན་པས།
དེ་ལས་ སྤྱི་འོག་རེ་ནང་ སློབ་གྲྭ་ཆུང་བ་རེ་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་མི་དེ་ཡང་ སློབ་ཕྲུག་འཛུལ་ཞུགས་འབད་མིའི་ གྱངས་ཁ་མར་བབས་སོང་མི་དེ་གིས་ ཐོ་ཕོག་སྟེ་ཡོདཔ་ཨིན་པས།
ཤེས་རིག་གནས་སྡུད་༢༠༢༤ ཅན་མ་དང་འཁྲིལ་བ་ཅིན་ འདས་པའི་ལོ་དང་ཕྱདཔ་ད་ སློབ་ཕྲུག་གི་འཛུལ་ཞུགས་དེ་༡,༠༠༠ དེ་ཅིག་ ཡར་འཕར་སོང་ཡོད་རུང་ སློབ་གྲྭ་ཆུང་བ་ཚུ་བརྩིས་ཏེ་ ཤེས་ཡོན་གཙུག་སྡེའི་གྱངས་ཁ་ཚུ་ མར་བབས་སོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༢ ལུ་ རྒྱལ་ཁབ་ནང་ སློབ་ཕྲུག་ཡོངས་བསྡོམས་༡༦༢,༥༣༦ དང་ སྤྱི་ལོ་༢༠༢༤ ལུ་ སློབ་ཕྲུག་༡༥༥,༡༥༩ དེ་ལས་ དུས་ཅིའི་ལོ་ནང་ སློབ་ཕྲུག་༡༥༦,༢༧༢ ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ རྒྱལ་ཁབ་ནང་ སློབ་གྲྭ་ཡོངས་བསྡོམས་༢༧༡ ཡོད་མི་ལས་ ད་རེས་ སློབ་གྲྭ་༥༦༦ ལུ་ མར་བབས་སོང་ཡོདཔ་ད་ གཞུང་གི་སློབ་གྲྭ་ཆུང་བ་དེ་༣༢༣ ཡོད་མི་ལས་༣༡༨ དང་ འབྲིང་རིམ་སློབ་གྲྭ་འོག་མ་དེ་༣༨ ལས་༣༢ དེ་ལས་ འབྲིང་རིམ་སློབ་གྲྭ་བར་མ་གི་ གྱངས་ཁ་འབད་བ་ཅིན་ སློབ་གྲྭ་ཡོངས་བསྡོམས་༦༣ ལས་༥༧ ལུ་ མར་བབས་སོང་སྟེ་ཡོདཔ་ཨིན་པས།
སློབ་གྲྭ་ཚུ་ མར་བབས་སོང་མི་དེ་ཡང་ སློབ་གྲྭ་ཚུ་ ཁུངས་ལྡན་བཟོ་བའི་སྐབས་ སློབ་གྲྭ་ལ་ལོ་ཅིག་ མཉམ་སྡེབ་འབད་མི་ལུ་བརྟེན་ཨིན་པས།
གཞུང་གིས་ སློབ་གྲྭ་ཚུ་ནང་ སློབ་ཕྲུག་འཛུལ་ཞུགས་མེདཔ་ལས་ སྒོ་བསྡམས་ཡོདཔ་མ་ཚད་ སློབ་གྲྭ་ཆུང་བ་ཚུ་ སློབ་གྲྭ་སྦོམ་ཚུ་ མཉམ་སྡེབ་འབད་ཡོདཔ་ཨིན་པས།
སློབ་གྲྭ་ཆུང་བ་ཚུ་གི་ སློབ་ཕྲུག་གི་ཚད་གཞི་དེ་ སྤྱི་ལོ་༢༠༢༣ ལུ་ བརྒྱ་ཆ་༨༨.༨༣ ཡོད་མི་ལས་ སྤྱི་ལོ་༢༠༢༤ ལུ་ བརྒྱ་ཆ་༩༤.༢༧ ལུ་ མར་བབས་སོང་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༢༣ ལུ་ གཞུང་གི་ཤེས་རིག་གཙུག་སྡེའི་ གྱངས་ཁ་དེ་༤༩༩ ཡོད་མི་ལས་ སྤྱི་ལོ་༢༠༢༤ ལུ་ གཙུག་སྡེ་༥༤༠ ལུ་ ཡར་འཕར་སོང་ཡོད་མི་དེ་ཡང་ རྒྱ་སྐྱེད་སློབ་ཁང་ལུ་བརྟེན་ཨིན་པས།
གཞུང་གི་ ཨ་ལུ་གཅེས་སྐྱོང་དང་ཡར་སྐྱེས་གོང་འཕེལ་ལྟེ་བ་དེ་ སྤྱི་ལོ་༢༠༢༣ ལུ་ ལྟེ་བ་༤༤༢ ཡོད་མི་ལས་ སྤྱི་ལོ་༢༠༢༤ ལུ་ ལྟེ་བ་༥༡༣ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ བཙག་འཐུའི་སྐབས་ གཞུང་གིས་ སྤྱི་འོག་རེ་ནང་ སློབ་གྲྭ་ཆུང་བ་རེ་ གཞི་བཙུགས་འབད་ནི་གི་ ཁས་བླངས་འབད་ཡོད་རུང་ ད་རེས་ ཁས་བླངས་དེ་ལུ་ ཐོ་ཕོག་ནིའི་ཉེན་ཁ་ཡོདཔ་ཨིན་པས།
འཕྲལ་ཁམས་ཁར་མཇུག་བསྡུ་མི་ སྤྱི་ཚོགས་ནང་ ཤེས་རིག་བློན་པོ་གིས་ འཆར་གཞི་༡༣ པའི་ འཆར་གཞི་དང་འཁྲིལ་བ་ཅིན་ ཤེས་རིག་གི་ སྤུས་ཚད་ཡར་དྲག་གཏང་ནིའི་དོན་ལུ་ རྫོང་ཁག་༢༠ དང་ རྒེད་འོག་༢༠༤ དེ་ལས་ སྤྱི་འོག་༡,༠༤༤ ལུ་ སློབ་གྲྭ་གཞི་བཙུགས་ནིའི་ དམིགས་ཡུལ་ཡོད་ཟེར་ཨིན་པས།
ལྷན་ཁག་གིས་ བཀོད་མིའི་ནང་ ལྷན་ཁག་གིས་ དགོས་མཁོ་ཅན་གྱི་ སྦྱོང་བརྡར་རིག་རྩལ་དང་ གོམས་འདྲིས་ལས་རིམ་ དེ་ལས་ སློབ་གྲྭ་ག་རའི་ནང་ གཞི་རྟེན་མཐུན་རྐྱེན་དང་ འཕྲུལ་རིག་གི་ཅ་ཆས་ཚུ་ བགོ་བཀྲམ་འབད་དེ་ ཤེས་རིག་ལས་སྡེ་ནང་ མི་སྟོབས་སྒྲིང་སྒྲི་བཟོ་ནིའི་ ལཱ་འབད་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement