༉ མི་དབང་འབྲུག་རྒྱལ་༣ པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ སྐུ་འཁྲུངས་པའི་དུས་དྲན་དང་འབྲེལ་ དུས་ཅི་ སློབ་དཔོན་གྱི་ཉིནམ་དེ་ཡང་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་སྦེ་ བརྩི་སྲུང་ཞུ་བའི་སྐབས་ བློན་ཆེན་ཚེ་རིང་སྟོབས་མཆོག་གིས་ སློབ་གྲྭ་ཚུ་གི་དོན་ལུ་ རེས་གཟའ་ཉིམ་ ངལ་གསོ་བཞག་ནི་ཨིན་ཟེར་ གསལ་བསྒྲགས་གནང་ཡི།

ཤེས་རིག་དང་རིག་རྩལ་ལྷན་ཁག་གི་ བློན་པོ་ཡིད་བཟང་ཌི་ཐཱ་པ་གིས་ སླབ་མིའི་ནང་ སློབ་དཔོན་ཚུ་ དྲིན་ཅན་གྱི་ཕམ་༢ པ་ཨིན་ཟེར་མི་དེ་ མིང་དང་དོན་མཐུན་ཡོདཔ་ལས་ སློབ་དཔོན་ཚུ་གིས་ སློབ་ཕྲུག་ཚུ་ལུ་ ཤེས་ཡོན་བྱིན་པའི་སྐབས་ རང་གིས་རང་དྲགཔ་སྦེ་ གྲུབ་འབྲས་འཐོན་ཐབས་ལུ་ གཙོ་བོར་བཟུང་སྟེ་ ཐེབས་ཅིག་སྦེ་ར་ བརྩོན་འགྲུན་དང་ འབད་བརྩོན་ཐོག་ལས་ ཉིན་ནུབ་མེད་པར་ ཕྱག་ཞུ་བའི་ཁར་ དཔེ་སྟོན་བཟང་པོ་དང་ བསླབ་བྱ་ཚུ་ རྒྱུན་མ་ཆད་པར་གནང་དོ་ཟེར་ཨིན་པས།

གལ་སྲིད་ སློབ་ཕྲུག་ཚུ་གིས་ འཐུས་ཤོར་འགན་ཤོར་དང་ བཀྲ་མ་ཤིས་པའི་ལཱ་ངན་རེ་འབད་མི་ལུ་ སློབ་དཔོན་ཚུ་གིས་ བར་འཛུལ་འབད་དེ་ ལཱ་འབད་བའི་ཁར་ ཚ་གྱང་ཐེབས་འབག་སྟེ་ ཕྱག་ཞུ་དོ་ཟེར་ བློན་པོ་གིས་ རྒྱལ་ཡོངས་ལུ་ གསལ་བཤད་འབད་ཡི།

དེ་འབདཝ་ལས་ སློབ་དཔོན་ཚུ་ལུ་ བཀྲིན་དགའ་ཚོར་ཞུ་དགོཔ་ཨིན་ཟེར་ ཤེས་རིག་དང་རིག་རྩལ་བློན་པོ་གིས་ གསལ་བཤད་འབད་ཡི།

སྐུ་མགྲོན་གཙོ་བོ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ འབྲུག་རྒྱལ་ཁབ་ཀྱི་ སློབ་དཔོན་ཡོངས་ལུ་ འབྲུག་གི་མི་སེར་གྱི་མགྲིན་ཚབ་དང་ ཁོ་རའི་ཧོངས་ལས་ བཀྲིན་བདེ་ལེགས་ཡོད་ཟེར་ གསུངས་ཡི།

དེ་དང་འབྲེལ་ བློན་ཆེན་གྱིས་ བཤད་མིའི་ནང་ སློབ་དཔོན་གྱི་ཉིནམ་དང་འབྲེལ་ མི་དབང་འབྲུག་རྒྱལ་༣ པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་ཆེན་ཡང་ཨིན་ཟེར་ ཨིན་པས།

མི་དབང་ཞིང་གཤེགས་དམ་པ་ འབྲུག་རྒྱལ་༣ པ་གིས་ རྒྱལ་ཁབ་དང་ མི་སེར་ཚུ་གི་དོན་ལུ་ ཕྱག་ལཱ་ག་དེ་སྦེ་ མཛད་གནང་ནུག་ག་ མཛད་བྱ་ཚུ་ སེམས་ཁར་དྲན་ནིའི་ དུས་སྟོན་བཟང་ཤོས་ཅིག་ཨིན་ཟེར་ གསུངས་ཡི།

མཛད་བྱ་ཚུ་གི་གྲས་ལས་ ཤེས་རིག་གི་སྤུས་ཚད་དང་ དེང་སང་གི་ཤེས་རིག་ ག་དེ་སྦེ་གཞི་བཙུགས་གནང་ཡི་ག་དང་ ཨིང་ལིཤ་གི་ སྐད་ཡིག་ཐོག་ལས་ བར་ལམ་ག་དེ་སྦེ་ གཞི་བཙུགས་གནང་ཡི་ག་ཚུ་ འབྲུག་མི་ག་ར་གིས་ སེམས་ཁ་དྲན་ཞིནམ་ལས་ བཀྲིན་བསམ་ནིའི་ གོ་སྐབས་ཅིག་ཨིན་ཟེར་ བློན་ཆེན་གྱིས་ དྲན་གསོ་གནང་ཡི།

འབྲུག་གི་མི་སེར་ཚུ་ འཛམ་གླིང་རྒྱལ་ཁབ་ག་ཏེ་ལུ་འགྱོ་རུང་ བཟང་ལམ་ལམ་དང་ མཛེས་ཏོག་ཏོ་ དགའ་སྐྱིད་དང་ལྡནམ་སྦེ་སྡོད་ཚུགས་མི་དེ་ གཙོ་བོ་ར་ མི་དབང་མངའ་བདག་རིམ་བྱོན་ཚུ་གི་ སྐུ་དང་དྲིན་མ་ལུ་བརྟེན་ཨིནམ་ལས་ སེམས་ཁ་དྲན་དགོཔ་སྦེ་ཞུ་ཡི།

ཤེས་རིག་གི་ སྤུས་ཚད་རག་ལས་དགོ་པ་ཅིན་ སློབ་དཔོན་ཚུ་ ངེས་པར་དུ་ ཁག་ཆེ་ཟེར་ བློན་ཆེན་གྱིས་ བཤད་ཡོདཔ་ད་ དེ་ཡང་ སློབ་དཔོན་ཟེརཝ་ད་ ཤེས་རིག་ལམ་ལུགས་ཀྱི་ སྲོག་ཤིང་ཨིནམ་སྦེ་ ག་ར་གིས་ཤེས་པའི་ཁར་ གཡུས་ཁའི་ཕམ་དང་ མི་སེར་ཚུ་གིས་འབད་རུང་ སློབ་དཔོན་ཚུ་གིས་ ག་དེ་སྦེ་ ཕན་ཐོགས་ཏེ་ཡོད་ག་ཤེས་ཟེར་ཨིན་པས།

བློན་ཆེན་གྱིས་ སླབ་མིའི་ནང་ ལོ་ན་ཆུང་ཀུ་སྦེ་སྡོད་པའི་སྐབས་ སློབ་དཔོན་ཚུ་གིས་ བདག་འཛིན་དང་འཛིན་སྐྱོང་འབད་དེ་ དཔེ་ཆ་ལེགས་ཤོམ་ལྷབ་དགོཔ་སྦེ་ ཨུ་ཚུགས་རྐྱབ་པའི་ཁར་ དཔེ་ཆ་ཚུ་ ལྷག་ནི་ལུ་ ལྷག་པར་དུ་ འབད་བརྩོན་དང་ སློབ་རིམ་༧ པའི་ནང་ལྷོདཔ་ད་ འཁྲབ་རྩེད་ནང་ བཅའ་མར་གཏོགས་བཅུག་པའི་བཀྲིན་ལུ་བརྟེན་ ད་རེས་ མི་མང་ལུ་ ལེགས་ཤོམ་སྦེ་གསལ་བཤད་འབད་ཚུགས་མི་དེ་ཡང་ དེ་ལུ་བརྟེན་ཨིན་ཟེར་ཨིན་པས།

སློབ་རིམ་༩ པའི་ནང་ལྷོདཔ་ད་ སློབ་དཔོན་ཅིག་གིས་ ཚན་རིག་དང་ རྩིས་ཀྱི་ཆོས་ཚན་ལུ་ སྤྲོ་བ་ཐེབས་བསྐྱེད་དེ་ དཔེ་ཆ་སྟོནམ་མ་ཚད་ འབྲིང་རིམ་སློབ་གྲྭ་བར་མའི་ནང་ མི་མང་ཞབས་ཏོག་ཞུ་དགོ་པའི་སྐོར་དང་ ག་དེམ་ཅིག་ ཁག་ཆེཝ་ཨིན་ན་ བརྩི་མཐོང་དང་ ཤེས་ཡོན་ཚུ་བྱིན་ཡོདཔ་སྦེ་ འབྲུག་གི་མི་སེར་ག་ར་གིས་ སློབ་དཔོན་ཚུ་གི་ མཛད་བྱ་དང་ བསླབ་བྱ་ཚུ་ སེམས་ཁ་དྲན་དོ་འོང་ཟེར་ དྲན་གསོ་འབད་ཡི།

སློབ་དཔོན་ཚུ་ ཤེས་རིག་གི་ སྲོག་ཤིང་ཨིནམ་ལས་ རྒྱལ་ཁབ་དང་ མི་སེར་ཚུ་གི་དོན་ལུ་ ཁག་ཆེ་ནི་དེ་གིས་ སློབ་དཔོན་ཚུ་ལུ་ དམིགས་བསལ་དུ་ བཀྲིན་དགའ་ཚོར་ཡོད་ཟེར་ བཤདཔ་ཨིན་པས།

རེས་གཟའ་ཉིམ་གི་ངལ་གསོ།

འཕྲལ་ཁམས་ཅིག་ཁར་ ལྷན་རྒྱས་གཞུང་ཚོགས་ནང་ གསུང་གྲོས་རྒྱས་པར་གནང་ཞིནམ་ལས་ གཟའ་ཉིམ་དེ་ ངལ་གསོ་བཞག་ནི་སྦེ་ གྲོས་ཐག་བཅད་གནང་ཡི་ཟེར་ བློན་ཆེན་གྱིས་གསུངས་ཡི།

གཞན་དལ་གཞི་འབད་བ་ཅིན་ གཞུང་དབུ་བརྙསཔ་ཅིག་ར་ གཟའ་ཉིམ་དེ་ ངལ་གསོ་བཞག་ནི་སྦེ་ ཐུགས་ཐག་བཅད་ཡོདཔ་ཨིན་རུང་ ཤེས་རིག་གི་སྤུས་ཚད་ལུ་ གནོད་དོ་འོང་ཟེར་མནོ་སྟེ་ ཚོགས་ཆུང་གཞི་བཙུགས་འབད་དེ་ ཞིབ་འཚོལ་མ་བཏུབ་བཏུབ་སྦེ་འབད་བའི་ཁར་ ཕམ་དང་ སློབ་དཔོན་ སློབ་ཕྲུག་ དེ་ལས་ དབུ་འཛིན་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ཡོདཔ་མ་ཚད་ རྒྱལ་ཁབ་ནང་འཁོད་ལུ་ཡོད་པའི་ ཤེས་རིག་མཁས་མཆོག་དང་ ཕྱིའི་མཁས་མཆོག་ཚུ་དང་གྲོས་བསྟུན་འབད་ཡི་ཟེར་ བློན་ཆེན་གྱིས་གསུངས་ཡི།

དེ་བཟུམ་སྦེ་ ཤེས་རིག་གི་ ལམ་ལུགས་དང་འཁྲིལ་རུང་ གཟའ་ཉིམ་དེ་ ངལ་གསོ་སྦེ་བཞག་པ་ཅིན་ ཤེས་རིག་གི་སྤུས་ཚད་ ལེགས་བསྒྱུར་འབད་ནི་ལུ་ཡང་ ཕན་ཐོགས་ནི་ཨིནམ་སྦེ་ ཤེས་རྟོགས་བྱུང་ཞིནམ་ལས་ བློ་སྟོབས་ཀྱི་ཐོག་ལས་ ཐུགས་ཐག་བཅད་ཚུགས་ཅི་ཟེར་ གསུངས་ཡི།

འཛམ་གླིང་ནང་ ཤེས་རིག་གི་ཐད་ཁར་ ཚ་གྱང་ལང་སྟེ་ ཤེས་རིག་གི་སྤུས་ཚད་ ཧེང་སྐལ་ཡར་སེང་འབད་ནི་ ཤེས་རིག་སྤུས་ཚད་འོས་འབབ་དང་ལྡནམ་སྦེ་ བཟོ་ཐབས་ལུ་ ཚ་གྱང་ལང་སྟེ་ ཕྱག་ལཱ་ཡང་ གནང་དེས་ཟེར་ཨིན་པས།

ཅོག་འཐདཔ་སྦེ་ འབྲུག་ལུ་ དཔེ་ཆ་ག་དེ་སྦེ་ སྟོན་ནི་ཨིན་ན་ ག་ཅི་སྟོན་ནི་ཨིན་ན་ དཔེ་ཆ་སྟོན་མི་དེ་གིས་ ན་གཞོན་གྱི་མ་འོངས་པ་ལུ་ ག་དེ་སྦེ་ཕན་ཐོགས་ཚུགས་ག་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་གཏེར་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ལུ་ ག་དེ་སྦེ་ ཕྱག་ཞུ་ཚུགས་ག་ ག་ར་ལུ་ གཞི་བཞག་ཞིནམ་ལས་ ཤེས་རིག་གི་སྤུས་ཚད་ལེགས་བཅོས་འབད་དོ་ཟེར་ བློན་ཆེན་གྱིས་གསུངས་ཡི།

ཤེས་རིག་ལེགས་བཅོས་ཀྱི་ཕྱག་ལཱ།

དམིགས་བསལ་དུ་ མི་དབང་མཆོག་གིས་ ཐུགས་ཀྱི་ཚ་གྱང་བཞེས་ཏེ་ ཤེས་རིག་གི་ལམ་ལུགས་ ལེགས་བཅོས་འབད་དགོཔ་སྦེ་ བཀའ་ཤོག་གནང་ཡོདཔ་ལས་ ཕྱག་ལཱ་གནང་ནི་འགོ་བཙུགས་ཡོད་རུང་ ད་ལས་ཕར་ ཕྱག་ལཱ་མཛད་དགོཔ་ལེ་ཤ་འདུག་ཟེར་ བློན་ཆེན་གྱིས་ བཤདཔ་ཨིན་པས།

ཤེས་རིག་ལམ་ལུགས་ལེགས་བཅོས་འབད་དགོ་པ་ཅིན་ སློབ་དཔོན་ཚུ་ལུ་ རག་ལས་དགོ་མི་དེ་ཡང་ ཤེས་རིག་གི་ སྲོག་ཤིང་ཨིནམ་ལས་ རེ་བ་དང་ བློ་གཏད་ཏེ་ཡོད་ཟེར་ བློན་ཆེན་གྱིས་གསུངས་ཡི།

ཤེས་རིག་ལེགས་བསྒྱུར་འབད་ནི་ལུ་ ཁག་ཆེ་བའི་ཁར་ སློབ་དཔོན་ཚུ་ལུ་ སྦྱོང་བརྡར་ཁ་སྐོང་བྱིན་ནི་དང་ མཁས་མཆོག་གོང་འཕེལ་གཏང་ནི་ལུ་ གཞུང་གིས་ གཙོ་བོར་བཏོན་ནི་ཨིན་ཟེར་ཨིན་པས།

སློབ་དཔོན་ཚུ་གིས་ ལུས་ངག་ཡིད་༣ ག་དེ་དྲག་དྲག་ བདག་འཛིན་འཐབ་སྟེ་ བཀྲིན་བསྐྱང་དགོ་པའི་ཁར་ ཤེས་རིག་ལེགས་བསྒྱུར་གྱི་དོན་ལུ་ རྒྱབ་སྐྱོར་གང་དྲག་མཛད་དགོཔ་སྦེ་གསུངས་ཡི།

དེ་འབདཝ་ལས་ སློབ་དཔོན་གྱི་ཉིནམ་བརྩི་སྲུང་དང་འབྲེལ་ ལུས་ངག་ཡིད་༣ བདག་འཛིན་འཐབ་ནིའི་གུ་ ཁ་བརྗེ་གདམ་འཐུའང་ རྒྱན་ཤོག་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ཅི།

འཆར་གཞི་༡༣ པའི་ནང་ ཤེས་རིག་ལེགས་བསྒྱུར་འབད་ནིའི་ ཕྱག་ལཱ་ལེ་ཤ་ཡོདཔ་ལས་ འཆར་གཞི་དང་འཁྲིལ་ཏེ་ ལཱ་འགོ་མ་བཙུགས་པའི་ཧེ་མར་ འཆར་གཞི་བརྩམ་ སློབ་དཔོན་ག་ར་ ཁྱིམ་ནང་གི་བཟའ་ཚང་བཟུམ་སྦེ་ གཅིག་ཁར་འཛོམས་ རྫོང་ཁག་༢༠ གི་ སློབ་དཔོན་ཚུ་དང་གྲོས་བསྟུན་འབད་ནིའི་གོ་སྐབས་ ཐོབ་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ བློན་ཆེན་གྱིས་ བཤདཔ་ཨིན་པས།

ཤུལ་མའི་ལོ་༥ ནང་ ཤེས་རིག་གི་སྤུས་ཚད་ ལེགས་བསྒྱུར་འབད་ནི་ཨིནམ་ལས་ མ་འོངས་ན་གཞོན་ཚུ་གི་དོན་ལུ་ ཤེས་རིག་དེ་ གཞན་དང་མ་འདྲཝ་ཅིག་སྦེ་ ཡར་རྒྱས་གོང་འཕེལ་གཏང་ནིའི་ དུས་ཚོད་ཅིག་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

ཐིམ་ཕུག་ནང་འཁོད་ཀྱི་ སློབ་གྲྭ་ཁག་ཚུ་གིས་ ལྕང་གླིང་མི་ཐང་ནང་ མི་དབང་འབྲུག་རྒྱལ་༣ པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ སྐུ་འཁྲུངས་པའི་དུས་དྲན་དང་འབྲེལ་ སློབ་དཔོན་གྱི་ཉིནམ་ བརྩི་སྲུང་ཞུ་བའི་བསྒང་།

Advertisement