༉ གཞུང་གིས་ འཆར་གཞི་༡༣ པའི་ནང་ སློབ་གྲྭ་ལྟེ་བའི་ལམ་ལུགས་ བསྐྱར་གསོ་འབད་ནིའི་ འཆར་གཞི་དེ་ལུ་ ཚ་གྱང་ལང་དགོཔ་བྱུང་མི་དེ་ཡང་ ཤེས་རིག་འདྲ་མཉམ་གྱི་དོན་ལུ་ ཁྱད་པར་ཞུགས་ནི་དེ་གིས་ཨིནམ་ད་ མ་གཞི་ ཐབས་ལམ་དེ་གིས་ སློབ་གྲྭ་ལྟེ་བ་ཚུ་གི་དོན་ལུ་ མཐུན་རྐྱེན་དང་ ཐོན་ཁུངས་ཚུ་ ལེགས་བཅོས་འབད་ནིའི་ ཁས་ལེན་འབདཝ་ཨིན་རུང་ བསམ་འཆར་བཀོད་མི་ཚུ་གིས་འབད་བ་ཅིན་ སློབ་གྲྭ་ལྟེ་བ་དང་ སློབ་གྲྭ་ལྟེ་བ་མེན་མི་ཚུ་གི་བར་ན་ ཁྱད་པར་ཆགས་ཏེ་ རྒྱལ་ཁབ་ནང་ ཤེས་རིག་གི་ གོ་སྐབས་འདྲ་མཉམ་མེད་པའི་ ཉེན་ཁ་འབྱུང་ནི་མས་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་ལུ་ བཞེས་སྒོ་སྟོང་པར་དང་ སློབ་གྲྭའི་སྒྲིག་གོ་ ཡིག་འབྲི་མཁོ་ཆས་ དེ་ལས་ ཉལ་ཆས་ཚུ་བྱིན་ཏེ་ ནང་སྡོད་སློབ་གྲྭ་ཅིག་སྦེ་ གཞི་བཙུགས་འབད་ནིའི་དོན་ལུ་ བསྐྱར་ཞིབ་འབད་ནི་གི་ ཁས་བླངས་འབད་ཡོདཔ་ཨིན་པས།
དེ་མ་ཚད་ ད་ལྟོ་ སློབ་གྲྭ་ལྟེ་བ་༦༣ ཡོད་མི་ཚུ་ ཁྱད་འཕགས་སློབ་གྲྭ་བཟོ་ནིའི་དོན་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ ལེགས་ཤོམ་སྦེ་ གཞི་བཙུགས་འབད་དེ་ རྩ་བརྟན་བཟོ་ནིའི་ ཁས་བླངས་འབད་ཡོདཔ་ཨིན་པས།
སྲིད་དོན་ཁས་བླངས་འདི་ འགྲུབ་ནིའི་དོན་ལུ་ གཞུང་གིས་ འཆར་གཞི་༡༣ པའི་ནང་ དངུལ་ཀྲམ་ཐེར་འབུམ་༡༤ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ཨིན་རུང་ སློབ་གྲྭ་ལྟེ་བ་ལུ་ དམིགས་གཏད་བསྐྱེད་མི་དེ་གིས་ སློབ་གྲྭ་ལྟེ་བ་མེན་མི་ཚུ་ སྣང་མེད་བཞག་པའི་སྐོར་ལས་ ཚ་གྱང་ཚུ་ བཤད་དོ་ཡོདཔ་ཨིན་པས།
ཤེས་རིག་བློན་པོ་ ཡིད་བཟང་ཌི་ཐཱ་པ་གིས་ འཕྲལ་ཁམས་ཅིག་ཁར་ དོགས་སེལ་འབད་མིའི་ནང་ ལྷན་ཁག་གི་ འཆར་དངུལ་དེ་ གཙོ་བོ་སློབ་གྲྭ་ལྟེ་བ་ཚུ་གི་ རྒྱབ་སྐྱོར་དོན་ལུ་ཨིན་ཟེར་ཨིནམ་ད་ སློབ་གྲྭ་ལྟེ་བ་མེན་མི་ཚུ་ རྫོང་ཁག་དང་ རྒེད་འོག་ཚུ་གི་ མ་དངུལ་ལུ་ བརྟེན་དགོཔ་ཨིན་ཟེར་ཨིན་པས།
ལྷན་ཁག་གིས་ གསང་སྤྱོད་བཟོ་སྐྲུན་བཟུམ་མའི་ ལས་འགུལ་ཆུང་བ་ཚུ་གི་དོན་ལུ་ མ་དངུལ་བགོ་བཀྲམ་འབད་ཚུགས་ནི་ཨིན་རུང་
འཆར་དངུལ་བདེ་སྒྲིག་ཐོག་ སློབ་གྲྭ་ལྟེ་བ་མེན་མི་ཚུ་ནང་ སློབ་གྲྭ་ལྟེ་བ་བཟུམ་སྦེ་ རྒྱབ་སྐྱོར་གནས་རིམ་ ཅོག་འཐདཔ་སྦེ་ བྱིན་མི་ཚུགས་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
བློན་པོ་གིས་འབད་བ་ཅིན་ སློབ་གྲྭ་ལྟེ་བ་མེན་མི་ཚུ་གི་དོན་ལུ་ འཆར་དངུལ་དེ་ རང་སོའི་ རྫོང་ཁག་དང་ རྒེད་འོག་ཚུ་ལས་ འཐོན་དགོཔ་ཨིན་ཟེར་ཨིན་པས།
གནས་ཚུལ་འབྱུང་ཁུངས་ཚུ་ནང་ ཧེ་མ་འབད་བ་ཅིན་ འཆར་དངུལ་དེ་ ཐད་ཀར་དུ་ སློབ་གྲྭ་ཚུ་ལུ་ འཛིན་གྲོལ་འབད་དོ་བཟུམ་མེན་པར་ ལྷན་ཁག་གིས་ ད་ལས་ཕར་ འཆར་དངུལ་འཛིན་སྐྱོང་དེ་ ལྟེ་བ་ལས་འབད་ནི་ཨིན་པའི་ གསལ་སྟོན་འབདཝ་ཨིན་པས།
ས་གནས་ཀྱི་འགོ་ཁྲིདཔ་དང་ སློབ་སྟོན་འབད་མི་ དེ་ལས་ སྲིད་བྱུས་བཟོ་མི་ཚུ་གིས་ ཁ་ཤགས་རྐྱབ་མི་དེ་ཡང་ སློབ་གྲྭ་ལྟེ་བ་ཚུ་ལུ་ གདམ་ཁའི་བརྩི་མཐོང་བསྐྱེད་མི་དེ་གིས་ ཤེས་ཡོན་སྦྱང་ནིའི་གོ་སྐབས་ནང་ ཁྱད་པར་སྦོམ་སྦེ་ར་ བཟོ་ནི་མས་ཟེར་ཨིན་པས།
སྐྱོན་བརྗོད་འབད་མི་ཚུ་གིས་ འཆར་དངུལ་ཉུང་བའི་ སློབ་གྲྭ་ལྟེ་བ་མེན་མི་ཚུ་ནང་ སློབ་དཔོན་དང་ སློབ་ཕྲུག་ཚུ་ལུ་ སེམས་ཤུགས་ཉམས་བཅུག་ནིའི་ ཉེན་ཁ་འདུག་ཟེར་ སླབ་ཨིན་པས།
མི་ཚུ་གིས་འབད་བ་ཅིན་ སློབ་གྲྭ་ལྟེ་བ་ཚུ་གིས་ སློབ་ཕྲུག་ག་ར་ བཙུགས་མི་ཚུགས་ནི་ཨིནམ་ལས་ སློབ་གྲྭ་ལྟེ་བ་མེན་མི་ཚུ་ལུ་ཡང་ འདྲ་མཉམ་སྦེ་ བརྩི་མཐོང་བསྐྱེད་དགོཔ་འདུག་ཟེར་ཨིནམ་ད་ ཤེས་རིག་ལས་སྡེའི་ནང་ དེ་བཟུམ་མའི་ ཕྱོགས་ལྷུང་བྱུངམ་ད་ མ་འོངས་པ་ལུ་ ད་ལྟོའི་ སྲིད་དོན་ལམ་ལུགས་ཀྱིས་ ཁྱད་པར་བཟོ་མི་ཚུ་ སེལ་ཐབས་འབད་ནི་ལུ་ ལཱ་ཁག་རྐྱབ་ནི་མས་ཟེར་ མི་མང་ཤོས་ཅིག་གིས་ ཉེན་བརྡ་འབདཝ་ཨིན་པས།
སློབ་གྲྭ་ཚུ་གི་བར་ན་ གོང་འཕེལ་འདྲ་མཉམ་མེད་པ་ལུ་བརྟེན་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ མཐུན་རྐྱེན་དང་ ཁེ་ཕན་ཚུ་ ལེགས་ཤོམ་ཡོད་པའི་ སློབ་གྲྭ་ལྟེ་བ་ཚུ་ནང་བཙུགས་ནི་ཨིནམ་ལས་ སློབ་ཕྲུག་མ་ཤོང་པའི་ དཀའ་ངལ་འབྱུང་ནི་དང་ ཤེས་རིག་གི་སྤུས་ཚད་ལུ་ ཐོ་ཕོག་ནི་ དེ་ལས་ སློབ་གྲྭ་ལྟེ་བ་ཚུ་ནང་ འཛུལ་ཞུགས་འབད་བའི་སྐབས་ ངན་ལྷད་འབྱུང་ནིའི་ ཉེན་ཁ་ཡང་ སྦོམ་སྦེ་ར་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལ་ལོ་ཅིག་གིས་འབད་བ་ཅིན་ མ་འོངས་པའི་དཀའ་ངལ་ཚུ་ལུ་ མ་བལྟ་བར་ སྲིད་དོན་གྱི་ ཁས་བླངས་འགྲུབ་ནིའི་དོན་ལུ་ ལས་རིམ་འདི་བརྩམ་པ་ཅིན་ ཡུན་རིང་གི་དཀའ་ངལ་ཚུ་ འཐོན་འོང་ཟེར་ཨིན་པས།
ཤེས་རིག་གི་ འགོ་དཔོན་ལ་ལུ་ཅིག་གིས་ སློབ་གྲྭ་ཆ་མཉམ་ར་ འདྲ་མཉམ་བརྩི་མཐོང་བསྐྱེད་ནིའི་དོན་ལུ་ འདྲ་མཉམ་རྒྱབ་སྐྱོར་འབད་དགོཔ་འདུག་ཟེར་ བསམ་འཆར་བཀོདཔ་ཨིན་པས།
གནས་ཚུལ་འབྱུང་ཁུངས་ཚུ་དང་འཁྲིལཝ་ད་ ཤེས་རིག་ལྷན་ཁག་གིས་ འགོ་ཐོག་ལུ་ སློབ་གྲྭ་ལྟེ་བའི་ཚབ་ རྫོང་ཁག་རེ་ནང་ དཔེ་སྟོན་སློབ་གྲྭ་རེ་ གཞི་བཙུགས་འབད་ནིའི་ འཆར་གཞི་བརྩམས་ཏེ་ཡོདཔ་ད་ དེ་ཡང་ ཤེས་རིག་ལས་སྡེའི་ནང་འཁོད་ལུ་ ཁྱད་པར་ཉུང་སུ་བཟོ་ནི་དང་ ཐོན་ཁུངས་ཚུ་ ལེགས་ཤོམ་སྦེ་ བགོ་བཀྲམ་འབད་ནི་ལུ་དམིགས་ཏེ་ ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement