༉ ཁྲོམ་སྡེའི་ས་ཁོངས་ཚུ་ནང་གི་ མི་མང་སློབ་གྲྭ་ཚུ་ལུ་ གནས་སྤོའི་གནད་དོན་ཐོག་ སློབ་ཕྲུག་འཛུལ་ཞུགས་ཀྱི་ གྱངས་ཁ་ཡར་སེང་འགྱོ་མི་དང་ ལོ་བསྟར་བཞིན་དུ་ སློབ་དཔོན་དགོངས་ཞུའི་ ཚད་གཞི་མཐོ་དྲགས་ལུ་བརྟེན་པའི་ ཨུ་ཚུགས་བྱུང་མི་དེ་ སློབ་གྲྭའི་བའུ་ཅར་ལམ་ལུགས་ཀྱིས་ རྒྱལ་ཁབ་ཀྱི་དོན་ལུ་ གདམ་ཁ་གཞན་ཅིག་སྦེ་ རྐྱབ་ཚུགས་ག?
ད་ལྟོ་ གདོང་ལེན་བྱུང་མི་ཚུ་ལུ་བརྟེན་ ཤེས་རིག་གི་མཁས་མཆོག་ཚུ་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ལེ་ཤ་ཅིག་ར་ འོས་ལྡན་གྱི་ཐབས་ལམ་བཟུམ་ཅིག་སྦེ་ སློབ་གྲྭའི་བའུ་ཅར་ལམ་ལུགས་ འགོ་བཙུགས་ནིའི་དོན་ལུ་ གྲོས་བསྟུན་འབད་དགོཔ་བྱུང་ནུག།
སློབ་གྲྭའི་བའུ་ཅར་ལམ་ལུགས་ཟེར་མི་དེ་ དོན་ངོ་མ་ལུ་ ག་ཅི་ལུ་སླབ་ཨིན་ན?
ཤེས་རིག་བའུ་ཅར་ཟེར་ཡང་སླབ་མི་ སློབ་གྲྭའི་བའུ་ཅར་དེ་ རྒྱལ་ཁམས་མ་དངུལ་ཐོག་གི་ སློབ་གཉེར་གྲོགས་རམ་དང་ ཡང་ཅིན་ རང་སོའི་ གདམ་ཁ་དང་བསྟུན་ སློབ་གྲྭ་ཅིག་ནང་ འཛུལ་ཞུགས་འབད་མི་ སློབ་ཕྲུག་ཚུ་གི་དོན་ལུ་ གཞུང་གིས་ མ་དངུལ་བྱིན་མི་ ལག་ཁྱེར་ཅིག་ལུ་ སླབ་ཨིན་པས།
འདི་གིས་ ཁྲོམ་སྡེ་ལྟེ་བ་ཚུ་ནང་ སློབ་གྲྭ་ཚུ་ལུ་ དཀའ་ངལ་བྱུང་མི་དེ་ ག་དེ་སྦེ་ སེལ་ཐབས་འབད་ཚུགས་ག?
བའུ་ཅར་ལམ་ལུགས་དེ་གིས་ སྒེར་གྱི་སློབ་གྲྭ་ཚུ་ལུ་ སློབ་ཕྲུག་ཚུ་ ལོག་བགོ་བཀྲམ་ཐོག་ལས་ མི་མང་སློབ་གྲྭ་ཚུ་ནང་ གཞི་རྟེན་མཐུན་རྐྱེན་ཉུང་བའི་ དཀའ་ངལ་བྱུང་མི་དེ་ མར་ཕབ་འབད་ཚུགས་ཟེར་ཨིན་པས།
སློབ་ཕྲུག་ཚུ་ ལོག་བགོ་བཀྲམ་འབད་མི་དེ་གིས་ མི་མང་གཙུག་སྡེ་ཚུ་ནང་ སློབ་རིམ་གྱི་ཚད་གཞི་ཚུ་ རྒྱུན་སྐྱོང་འཐབ་ནི་ལུ་ ཆ་རོགས་འབད་ཚུགས་པའི་ཁར་ ཤེས་རིག་གི་སྤུས་ཚད་དང་ལྡན་ནི་ལུ་ ངེས་བརྟན་བཟོ་ཚུགས་ནི་ཨིན་པས།
ཤེས་རིག་གི་མཁས་མཆོག་ ལ་ལུ་ཅིག་གིས་འབད་བ་ཅིན་ འདི་གིས་ སློབ་གྲྭ་ཚུ་ནང་འཁོད་ འགྲན་བསྡུར་ཡར་དྲག་གཏང་ཚུགས་ནི་མས་ཟེར་ ཡིད་ཆེས་བསྐྱེདཔ་ཨིན་པས།
ལམ་ལུགས་དེ་གིས་ གཞུང་གི་སྲིད་བྱུས་བསྒྱུར་བཅོས་ལུ་བརྟེན་ སྒེར་གྱི་སློབ་གྲྭ་ཚུ་ལུ་ གདོང་ལེན་བྱུང་མི་དེ་ སེལ་ཐབས་འབད་ཚུགས་པའི་ ཕན་ནུས་ཡོདཔ་ད་ ཧེ་མ་ ཤེས་རིག་གི་ གདམ་ཁ་གཞན་བྱིན་ཏེ་ ཡར་རྒྱས་སོང་ཡོད་རུང་ ད་རེས་ སྒེར་གྱི་སློབ་གྲྭ་ཚུ་ ལེ་ཤ་ཅིག་ར་ སྒོ་བསྡམས་དགོཔ་བྱུང་ཡོདཔ་ཨིན་པས།
ལ་ལུ་ཅིག་གིས་ བདེན་ཁུངས་གཟང་མི་དེ་ཡང་ བའུ་ཅར་ལམ་ལུགས་ལག་ལེན་འཐབ་པ་ཅིན་ མི་མང་གི་སློབ་གྲྭ་ཚུ་ནང་ སློབ་ཕྲུག་མ་ཤོང་པའི་དཀའ་ངལ་དང་ སྒེར་གྱི་ཤེས་རིག་གཙུག་སྡེ་ཚུ་ མར་ཉམས་འགྱོ་མི་དེ་གཉིས་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིནམ་ད་ འདི་གིས་ འདྲ་མཉམ་དང་ ཡུན་བརྟན་ཤེས་རིག་ལམ་ལུགས་ བཟོ་ཚུགས་ཟེར་ཨིན་པས།
སློབ་གྲྭའི་བའུ་ཅར་ལམ་ལུགས་ཀྱི་ ཕན་ཐོགས།
རྒྱལ་ཡོངས་ཚོགས་སྡེའི་ ཤེས་རིག་ཚོགས་ཆུང་གིས་ བཤད་མི་དང་འཁྲིལཝ་ད་ བའུ་ཅར་ལམ་ལུགས་དེ་གིས་ རྒྱལ་ཁབ་ལུ་ ཕན་ཐོགས་ལེ་ཤ་ཅིག་ར་ འབྱུང་ཚུགས་ནི་ཨིནམ་ད་ གནམ་དགུན་གྱི་ ཚོགས་བཞུགས་སྐབས་ལུ་ ཚོགས་ཆུང་གིས་ འདི་བཟུམ་མའི་ ལམ་ལུགས་དེ་གིས་ ཕམ་ཚུ་ལུ་ ཁོང་རའི་ཨ་ལོ་ཚུ་གི་ སློབ་གྲྭ་ཚུ་ གདམ་ཁ་རྐྱབ་ད་ གདམ་ཁ་དང་ལྡནམ་སྦེ་ བྱིན་ཚུགས་ནི་མས་ཟེར་ཨིན་པས།
ཚོགས་ཆུང་གིས་ བཤད་མིའི་ནང་ ལས་འགུལ་དེ་གིས་ སྒེར་སྡེ་དང་ མི་མང་ཤེས་རིག་ལས་སྡེ་༢ ཆ་ར་གིས་ ཤེས་ཡོན་གོང་འཕེལ་གཏང་ནི་ལུ་ ཤུགས་བཏོན་ནི་དང་ ཨ་ལོ་ག་ར་ལུ་ ཤེས་ཡོན་འཐོབ་ཚུགསཔ་སྦེ་ བཟོ་ཚུགས་ཟེར་ཨིན་པས།
སྒེར་གྱི་སློབ་གྲྭའི་ ངོ་ཚབ་ཅིག་གིས་ ཚ་གྱང་བཀོད་མིའི་ནང་ འདས་པའི་གཞུང་གིས་ མི་མང་སློབ་གྲྭ་ཚུ་ནང་ལས་ སློབ་རིམ་༡༠ པ་ མཐར་འཁྱོལ་མི་ སློབ་ཕྲུག་ཚུ་ ལེན་ཡི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ སྲིད་བྱུས་དེ་གིས་ སྒེར་སྡེ་ལུ་ སྣང་མེད་བསྐྱེདཔ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁྲོམ་སྡེ་དང་ རྫོང་ཁག་བདག་སྐྱོང་ཚུ་གིས་ སྒེར་གྱི་སློབ་གྲྭ་ཆེ་བ་ཚུ་ནང་ལས་ སློབ་ཕྲུག་ཚུ་ ལེན་དགོ་པའི་ ཨུ་ཚུགས་རྐྱབ་སྟེ་ཡོད་ཟེར་ཨིནམ་ད་ ཁྲོམ་གྱི་སློབ་གྲྭ་ཚུ་ནང་ སློབ་རིམ་གྱི་ ཚད་གཞི་ཚུ་ བདེ་སྒྲིག་འབད་དགོཔ་ད་ དེ་ཡང་ སློབ་ཕྲུག་གི་གྱངས་ཁ་ལས་བརྒལ་འགྱོ་དོ་ཡོདཔ་སྦེ་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ གཞུང་གིས་ སྒེར་གྱི་སློབ་གྲྭ་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ ས་གོ་ལག་ལེན་འཐབ་པ་ཅིན་ ཟད་འགྲོ་དེ་ མར་ཕབ་འབད་ཚུགས་ནི་མས་ཟེར་ཨིནམ་ད་ གཞུང་གིས་ ལོ་བསྟར་བཞིན་དུ་ སློབ་ཕྲུག་མངམ་འོང་མི་ཚུ་ བཙུགས་ཐབས་དོན་ལུ་ སློབ་ཁང་ཐེབས་བཟོ་སྐྲུན་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༥༠༠ ཟད་འགྲོ་བཏང་དོ་ཡོདཔ་བཞིན་དུ་ སྒེར་གྱི་སློབ་གྲྭའི་ས་གོ་ཚུ་ ལག་ལེན་མ་འཐབ་པར་བཞགཔ་ཨིན་པས།
གཞུང་ལུ་ ཟད་འགྲོ་ཉུང་སུ་གནས་ནི་དང་ སྒེར་སྡེ་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ དུས་ཚོད་ཁར་ གཞུང་གི་སློབ་གྲྭ་ཚུ་ལུ་ དཀའ་ངལ་མར་ཕབ་འབད་ཚུགས་ཟེར་ ཁོ་གིས་ བཤད་པའི་ཁར་ ད་རེས་ནངས་པར་ གཞུང་གི་སློབ་གྲྭ་ཚུ་ནང་ སློབ་ཕྲུག་ཚུ་ལུ་ ཤེས་ཡོན་བྱིན་ནིའི་ཐད་ཁར་ ཟད་འགྲོ་ཡར་འཕར་སོང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ གཞུང་གིས་ བའུ་ཅར་བྱིན་ནི་སྦེ་ ཐག་བཅད་པ་ཅིན་ སློབ་གྲྭ་ག་ཏེ་ལུ་ འགྱོ་ནི་ཨིན་ན་དེ་ ཕམ་དང་ སློབ་ཕྲུག་ཚུ་གིས་ར་ གདམ་ཁ་རྐྱབ་འོང་ཟེར་ སླབ་ཨིན་པས།
ཨིན་རུང་ ཁོ་གིས་འབད་བ་ཅིན་ ཤེས་རིག་གི་གཞི་རྟེན་སྤུས་ཚད་ ངེས་བརྟན་བཟོ་ནིའི་དོན་ལུ་ སློབ་གྲྭ་དང་ སློབ་རིམ་གྱི་ཚད་གཞི་ཚུ་ གཞི་བཙུགས་འབད་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།