༉ ཕྱིའི་རྒྱལ་ཁབ་ ཨཱསི་ཊེ་ལི་ཡ་ལུ་ སྐྱོད་ཐམ་གྱི་ ལམ་ལུགས་བསྒྱུར་བཅོས་དང་ འབྲུག་ལུ་ ཞི་གཡོགཔ་ཚུ་གི་ ཟླ་རིམ་གྱི་ དངུལ་ཕོགས་ཡར་སེང་འབད་རུང་ སྤྱི་ལོ་༢༠༢༤ ལུ་ སློབ་དཔོན་ནང་ལས་ དགོངས་ཞུ་འབད་མིའི་གྱངས་ཁ་དེ་ མར་བབས་མ་འགྱོ་བར་ ཡོདཔ་ཨིན་པས།
ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་དང་འཁྲིལ་བ་ཅིན་ དུས་ཅི་ སྤྱི་ཟླ་༡ པ་ལས་ ཟླ་༩ པའི་ནང་འཁོད་ལུ་ དམིགས་བསལ་ངལ་གསོ་མ་བརྩིས་བར་ སློབ་དཔོན་༢༤༧ གྱིས་ དགོངས་ཞུ་འབདཝ་ད་ སྤྱིར་བཏང་ཟླཝ་རེ་ལུ་ སློབ་དཔོན་༢༧ གྱིས་ དགོངས་ཞུ་འབད་ནུག།
སྤྱི་ལོ་༢༠༢༣ ལུ་ སློབ་དཔོན་༣༧༡ གིས་ དགོངས་ཞུ་འབད་ཡོདཔ་ལས་ དུས་ཅི་ ལོ་མཇུག་བསྡུ་བའི་སྐབས་ ན་ཧིང་ལས་ལྷགཔ་སྦེ་ དགོངས་ཞུ་འབད་འོང་ག་ ངེས་མེད་ཐོག་ལུ་ཡོདཔ་ཨིན་པས།
སློབ་དཔོན་ཚུ་གིས་ ཕྱིའི་རྒྱལ་ཁབ་ལུ་ ཤེས་ཡོན་སྦྱང་པར་ འགྱོ་ནིའི་དོན་ལུ་ དགོངས་ཞུ་འབད་དོ་ཡོདཔ་ཨིན་པས།
སྲིད་བྱུས་བསྒྱུར་བཅོས་དང་ ཨཱསི་ཊེ་ལི་ཡ་ལུ་ སྐྱོད་ཐམ་གྱི་ ལམ་ལུགས་དམ་སྒྲིང་བཟོ་ཡོད་རུང་ སློབ་དཔོན་དགོངས་ཞུ་འབད་མི་དེ་ བཀག་ཆ་འབད་མ་ཚུགས་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
ཨཱསི་ཊེ་ལི་ཡ་ལུ་ སྐྱོན་ཐམ་དང་ ཕྱི་མི་ནང་སྐྱོད་ཀྱི་ལམ་ལུགས་ཚུ་ དམ་སྒྲིང་བཟོ་ཡོད་རུང་ དངུལ་ཕོགས་ལེགས་ཤོམ་དང་ ཁྱད་རིག་གོང་འཕེལ་ དེ་ལས་ ལཱ་གི་གནས་སྟངས་མ་འདྲཝ་ཚུ་ནང་ གོ་སྐབས་ལེན་མི་དེ་ འཕྲོ་མཐུད་དེ་ར་ ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་དང་འཁྲིལ་བ་ཅིན་ འབྲུག་གི་ ཤེས་རིག་ལས་སྡེའི་ནང་འཁོད་ལུ་ གདོང་ལེན་ཡོདཔ་ལས་ སློབ་དཔོན་ཚུ་ དགོངས་ཞུ་འབད་ནི་ལས་ བཀག་མི་ཚུགས་དོ་ཡོདཔ་སྦེ་ཨིན་པས།
སློབ་དཔོན་ཚུ་ལུ་ ལཱ་ལྕི་དྲགས་དང་ མཐུན་རྐྱེན་ལངམ་མེདཔ་ལས་ རེ་བ་བསྐང་མི་ཚུགས་དོ་ཡོདཔ་ཨིན་པས།
འབྲུག་གི་ཤེས་རིག་ལམ་ལུགས་ཀྱིས་ ཉམས་མྱོང་ཅན་གྱི་སློབ་དཔོན་ཚུ་ དགོངས་ཞུ་མ་འབད་བར་ བཞག་མི་ཚུགས་དོ་ཡོདཔ་ད་ འདས་པའི་ལོ་ཚུ་ལས་ མང་ཤོས་ཅིག་གིས་ ཕྱི་རྒྱལ་ལུ་ གོ་སྐབས་ལེགས་ཤོམ་འཚོལ་ཏེ་ འགྱོ་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ ལུ་ སློབ་དཔོན་༧༩༧ གསར་བཙུགས་འབད་ཡོད་རུང་ རྒྱལ་ཁབ་ནང་ སློབ་དཔོན་༤༥༦ དེ་ཅིག་ མ་ལང་པར་ཡོདཔ་ད་ དེ་གིས་ དཀའ་ངལ་དུམ་གྲ་ཅིག་ སེལ་ཐབས་འབད་ཡོད་རུང་ སློབ་དཔོན་དགོངས་ཞུ་འབད་མི་གི་ གནད་དོན་ཧྲིལ་བུམ་སྦེ་ སེལ་ཐབས་འབད་མ་ཚུགས་པར་ ཡོདཔ་ཨིན་པས།
གསར་བཙུགས་འབད་མི་ སློབ་དཔོན་ཚུ་ལུ་ དཀའ་ངལ་འབྱུང་ནི་ཨིནམ་བཞིན་དུ་ གལ་སྲིད་ གནད་སྟངས་དེ་ དེ་སྦེ་ར་ སྡོད་པ་ཅིན་ འཕྲོ་མཐུད་དེ་ར་ གདོང་ལེན་འབྱུང་སྡོད་ནི་ཨིན་པས།
སློབ་དཔོན་དགོངས་ཞུ་འབད་མི་གིས་ འབྲུག་པའི་ ཤེས་རིག་སྤུས་ཚད་ལུ་ ཐོ་ཕོག་སྟེ་ཡོདཔ་ད་ ཉམས་མྱོང་ཅན་གྱི་ སློབ་དཔོན་ཚུ་ དགོངས་ཞུ་འབད་ཡོདཔ་ལས་ སྤྱིར་བཏང་ཤེས་རིག་གི་ སྤུས་ཚད་མར་འབབ་འགྱོ་ནི་བཟུམ་ཅིག་ཡོདཔ་ལས་ དེ་གིས་ སློབ་དཔོན་ཚུ་ལུ་ དཀའ་ངལ་འབྱུང་ནི་ཨིན་པས།
ད་ལྟོའི་ གནས་སྡུད་དང་འཁྲིལ་ཏེ་ དམིགས་བསལ་དུ་ དུས་ཅི་ ལོ་མཇུག་ལུ་ དགོངས་ཞུ་འབད་མིའི་གྱངས་ཁ་ ཡར་སེང་འགྱོ་ནི་བཟུམ་ཅིག་ཡོདཔ་བཞིན་དུ་ སློབ་དཔོན་དང་འབྲེལ་བའི་གདོང་ལེན་དེ་ འཕྲོ་མཐུད་འབྱུང་ནི་བཟུམ་ཡོདཔ་ཨིན་པས།
སློབ་དཔོན་ཚུ་གིས་ བཀོད་མིའི་ནང་ ལཱ་གི་གནས་སྟངས་ཡར་དྲག་དང་ ཚེ་གཡོག་གོང་འཕེལ་གྱི་གོ་སྐབས་ དེ་ལས་ དོ་འགྲན་ཅན་གྱི་ སེམས་ཤུགས་མཐུན་རྐྱེན་ཚུ་བྱིན་ཏེ་ སློབ་དཔོན་ཚུ་ དགོངས་ཞུ་མ་འབད་བར་ བཞག་ནི་གི་ ཐབས་ལམ་དང་ ཐབས་བྱུས་ཚུ་ནང་ གཙོ་རིམ་བཟུང་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།