༉ གཞུང་གིས་ རྒྱལ་ཁབ་ནང་ ཚན་རིག་དང་ འཕྲུལ་རིག་ བཟོ་རིག་ དེ་ལས་ རྩིས་(ཨིསི་ཊེམ་) ཆོས་ཚན་གྱི་སློབ་དཔོན་ མ་ལང་པའི་ དཀའ་ངལ་སེལ་ཐབས་དོན་ལུ་ ཁྱིམ་ཚང་རྒྱལ་ཁབ་ རྒྱ་གར་ལས་ སློབ་དཔོན་ཚུ་ འཁྱིད་འོང་ནི་སྦེ་ ཐག་བཅད་མི་དེ་ལུ་ ད་རུང་ཚར་གཅིག་ འབྲུག་པའི་སློབ་དཔོན་ཚུ་གི་བར་ན་ རེ་འདོད་དང་ སྐྱོན་བརྗོད་༢ ཆ་ར་འབད་ནི་ འགོ་བཙུགས་ནུག།
ཕྱིའི་སློབ་དཔོན་ཚུ་ཡང་ ཨིས་ཊེམ་ཤེས་ཡོན་ཡར་དྲག་དང་ སློབ་ཕྲུག་ཚུ་གིས་ ཨིསི་ཊེམ་ཆོས་ཚན་ནང་ ཤེས་ཡོན་གྱི་གྲུབ་འབྲས་ ལྷན་ཐབས་འབད་ནི་ལུ་ ཁག་འབག་ཐོག་ལས་ ལོ་༢ དོན་ལུ་ བཙུགས་ནི་ཨིན་པས།
སློབ་དཔོན་ཚུ་གི་ ཚ་གྱང་གཙོ་བོ་ར་ ཕྱིའི་སློབ་དཔོན་ཚུ་གིས་ ཤེས་ཡོན་ཚུ་ འཇོན་ཐངས་ཅན་ཅིག་ བྱིན་ཐབས་དང་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ སློབ་གྲྭ་ཚུ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ལངམ་སྦེ་ མེད་མི་དེ་ཨིན་པས།
ཤེས་རིག་ལྷན་ཁག་གིས་ སློབ་གྲྭ་མང་ཤོས་ཅིག་ ཚན་རིག་དང་ བརྡ་དོན་འཕྲུལ་རིག་གི་ བརྟག་དཔྱད་ཁང་ཚུ་ ལེགས་ཤོམ་སྦེ་ གཞི་བཙུགས་འབད་དེ་ཡོདཔ་སྦེ་ ངོས་ལེན་འབད་དོ་ཡོད་རུང་ དམིགས་བསལ་དུ་ མཐའ་ཟུར་གྱི་སློབ་གྲྭ་ཚུ་ནང་ མཐུན་རྐྱེན་ཚུ་མ་ལང་པའི་ དཀའ་ངལ་དང་ གདོང་ལེན་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ཨིན་པས།
བསམ་རྩེ་ལས་ སློབ་དཔོན་ཅིག་གིས་ སླབ་མིའི་ནང་ སློབ་གྲྭ་ནང་ བརྟག་དཔྱད་ཁང་ནང་ ཀམ་པུས་ཊར་ཡོད་རུང་ དུས་ཚོད་རྫོགས་སོ་མི་ཚུ་ཨིནམ་ལས་ འཕྲུལ་རིག་གི་ ཞབས་ཏོག་ཚུ་འཐོབ་ནི་ལུ་ གདོང་ལེན་བྱུང་སྟེ་ཡོད་ཟེར་ཨིན་པས།
གཞལམ་སྒང་ལས་ སློབ་དཔོན་ཅིག་གིས་ སླབ་མིའི་ནང་ བརྡ་དོན་འཕྲུལ་རིག་གི་ ཞབས་ཏོག་མེདཔ་ལས་ དེང་སང་དང་འབྲེལ་བའི་ སློབ་ཚན་ཚུ་ སློབ་སྟོན་འབད་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
དེ་བཟུམ་མའི་ གདོང་ལེན་ཚུ་བྱུང་དོ་ཡོདཔ་ལས་ ཕྱིའི་སློབ་དཔོན་ཚུ་གིས་ འབྲུག་པའི་ཨེསི་ཊེམ་ཤེས་ཡོན་ལམ་ལུགས་ནང་ ག་དེ་སྦེ་ ཕན་ཐོགས་འབྱུང་ཚུགས་གའི་ དོགས་པ་ཆགས་མི་ཡང་ ཡོདཔ་ཨིན་པས།
སློབ་དཔོན་ཚུ་གིས་ ཕྱིའི་སློབ་དཔོན་ཚུ་ འཁྱིད་འོང་ནི་ལུ་ ངོས་ལེན་ཡོད་རུང་ ད་རེས་ སློབ་གྲྭ་ཚུ་ནང་ གཞི་རྟེན་མཐུན་རྐྱེན་དང་འབྲེལ་བའི་ གདོང་ལེན་ཚུ་ སེལ་ཐབས་མ་འབད་བ་ཅིན་ ག་དེ་སྦེ་ གྲུབ་འབྲས་འབྱུང་འོང་ག་ཟེར་ དྲི་དཔྱད་འབད་དོ་ཡོདཔ་ཨིན་པས།
ཤེས་རིག་དང་རིག་རྩལ་གོང་འཕེལ་བློན་པོ་ ཡིད་བཟང་ཌི་ཐཱ་པ་གིས་ གནད་དོན་དེ་ བརྡ་བརྒྱུདཔ་ཚུ་གི་ ཟླ་རིམ་ཞལ་འཛོམས་ཅིག་ནང་ ངོས་ལེན་འབད་ཡོདཔ་ད་ སློབ་གྲྭ་ཚུ་ནང་ བརྡ་དོན་འཕྲུལ་རིག་གི་ མཐུན་རྐྱེན་ཚུ་བཙུགས་རུང་ དམིགས་བསལ་དུ་ མཐའ་ཟུར་གྱི་ སློབ་གྲྭ་མང་ཤོས་ཅིག་ནང་ དགོས་མཁོ་ཅན་གྱི་ མཐུན་རྐྱེན་ཚུ་མིན་འདུག་ཟེར་ཨིན་པས།
གློ་བུར་གྱི་ ཐབས་ལམ་ངེས་བརྟན་འབད་དེ་ བློན་པོ་གིས་ ཞུ་མིའི་ནང་ འཆར་གཞི་༡༣ པའི་ནང་ སློབ་གྲྭ་ཚུ་ནང་ བརྡ་དོན་འཕྲུལ་རིག་གི་ གཞི་རྟེན་ལྷན་ཐབས་དང་ ཀམ་པུས་ཊར་ཚུ་ ཐེབས་མཁོ་སྒྲུབ་འབད་ནིའི་ འཆར་གཞི་ཚུ་ བགོ་བཀྲམ་འབད་དེ་ཡོད་ཟེར་ཨིན་པས།
གནད་དོན་འདི་གི་ གདོང་ལེན་ལུ་ སློབ་དཔོན་ཚུ་གིས་ སླབ་མིའི་ནང་ ཕྱིའི་སློབ་དཔོན་ཚུ་གི་ ཕན་འདེབས་འཇོན་ཐངས་བལྟ་ནི་ལུ་ ལམ་ལུགས་དབྱེ་ཞིབ་ འགོ་འདྲེན་འཐབ་དགོ་པའི་ བསམ་འཆར་ཚུ་ བཀོདཔ་ཨིན་པས།
དར་དཀར་ནང་ལས་ དབུ་འཛིན་ཅིག་གིས་ སླབ་མིའི་ནང་ ལམ་ལུགས་དེ་ ལྷན་ཁག་གི་དོན་ལུ་ མ་འོངས་པའི་ འཆར་གཞིའི་དོན་ལུ་ གལ་ཅན་ཅིག་ཨིན་ཟེར་ཨིན་པས།
སློབ་དཔོན་ལ་ལོ་ཅིག་གིས་ རྒྱལ་ཡོངས་ཀྱི་ ཨིསི་ཊེམ་སློབ་དཔོན་ཚུ་ རྒྱབ་སྐྱོར་ཡར་དྲག་གཏང་དགོ་པའི་ རྒྱབ་སྣོན་འབད་དོ་ཡོདཔ་ད་ དེ་ཡང་ གཞི་རྟེན་མཐུན་རྐྱེན་ཚུ་ ལྷན་ཐབས་འབད་དེ་ འབྲུག་པའི་སློབ་དཔོན་ཚུ་ ཨིསི་ཊེམ་ཆོས་ཚན་ འཇོན་ཐངས་ཅན་སྦེ་ བཟོ་ཚུགས་ཟེར་ཨིན་པས།
སློབ་དཔོན་ཚུ་གིས་ ད་ལྟོ་བཟུམ་མེན་པར་ ཕྱིའི་སློབ་དཔོན་ཚུ་ བགོ་བཀྲམ་འབད་ནི་ལུ་ ལམ་ལུགས་ཅིག་ བཟོ་དགོ་པའི་བསམ་འཆར་ཚུ་ བཀོད་དོ་ཡོདཔ་ད་ དེ་ཡང་ ཁོང་གི་ཞབས་ཏོག་ཚུ་ འབྲུག་པའི་ཤེས་ཡོན་ལམ་ལུགས་ནང་ ཕན་ཐོགས་ཅན་སྦེ་ བཟོ་ཐབས་ལུ་ཨིན་པས།
ཤེས་རིག་ལྷན་ཁག་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཕྱིའི་སློབ་དཔོན་ཚུ་ཡང་ དབྱེ་ཞིབ་སྟབས་མཐུན་དང་ བགོ་བཀྲམ་ གླ་འཐུས་ དེ་ལས་ གདམ་འཐུ་འབད་དེ་ ཁག་འབག་ཐོག་ ལེན་དོ་ཟེར་ཨིན་པས།
འགོ་དཔོན་དང་འཁྲིལ་བ་ཅིན་ ཕྱིའི་སློབ་དཔོན་ཚུ་གིས་ ཟླ་རིམ་གྱི་དངུལ་ཕོགས་ཚུ་ སྡེ་རིམ་པི་༣ པའི་ འབྲུག་པའི་སློབ་དཔོན་ཚུ་དང་ འདྲན་འདྲ་འཐོབ་ནི་ཨིནམ་ད་ འཆར་དངུལ་དེ་ཡང་ འབྲུག་དང་ རྒྱ་གར་གཞུང་གི་བར་ན་ འདྲ་མཉམ་སྦེ་ བརྒྱ་ཆ་༥༠རེ་ བྱིན་ནི་ཨིན་ཟེར་ཨིན་པས།
འགོ་དཔོན་གྱིས་ འབྲུག་པའི་སློབ་དཔོན་ཚུ་ ཟླ་རིམ་གྱི་ དངུལ་ཕོགས་གནད་དོན་ཐོག་ལུ་ སེམས་ཤུགས་མར་ཉམས་འགྱོ་མིའི་ཐད་ཁར་ ངོས་ལེན་མེདཔ་བཞིན་དུ་ དངུལ་ཕོགས་མངམ་བྱིན་མི་དེ་ཡང་ ཁྱད་རིག་ལྡན་མི་ཚུ་ལུ་ སེམས་ཤུགས་བྱིན་ཐབས་ལུ་ཨིན་ཟེར་ཨིན་པས།
ད་རེས་ སྡེ་རིམ་པི་༣ པའི་ སློབ་དཔོན་ཚུ་གི་ ཟླ་རིམ་དངུལ་ཕོགས་དེ་ དངུལ་ཀྲམ་༤༧,༥༠༠ལས་༦༡,༧༡༥ འི་བར་ན་ཡོདཔ་ད་ ཕྱིའི་སློབ་དཔོན་ཚུ་ རང་སོའི་འཛུལ་ཞུགས་ཀྱི་ གནས་རིམ་དང་འཁྲིལ་ཏེ་ ཁག་འབག་གི་འཐུས་ཚུ་ཡང་ འཐོབ་ནི་ཨིན་པས།
ཨིན་རུང་ འདས་པའི་གཞུང་གིས་ ཕྱིའི་སློབ་དཔོན་ཚུ་ལུ་ དངུལ་ཕོགས་དངུལ་ཀྲམ་༡༤༠,༠༠༠བྱིན་ནི་སྦེ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
འབྲུག་པའི་སློབ་དཔོན་ཚུ་གིས་ རྒྱལ་ཁབ་ནང་ ཨིསི་ཊེམ་ཆོས་ཚན་གྱི་ སློབ་དཔོན་མ་ལང་པའི་ དཀའ་ངལ་བསལ་ནི་ལུ་ ཐབས་ལམ་བཏོན་ཏེ་ ཕྱིའི་སློབ་དཔོན་ཚུ་ ཁྱིད་འོང་པའི་སྐབས་ གཞི་རྟེན་མཐུན་རྐྱེན་དང་འབྲེལ་བའི་ དཀའ་ངལ་ཚུ་ སེལ་ཐབས་འབད་དགོཔ་གལ་ཆེ་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement