སྤྱི་ལོ་༢༠༢༤ ལུ་ སློབ་དཔོན་༡,༡༩༣ དེ་ཅིག་གིས་ དགོངས་ཞུ་འབད་ཡོདཔ་ཨིན་པས།
ཨོ་རྒྱན་རྡོ་རྗེ།
༉ འདས་པའི་ལོ་དང་ཕྱདཔ་ད་ སློབ་དཔོན་ཚུ་གིས་ དགོངས་ཞུ་འབད་མི་དེ་ ཡར་འཕར་སོང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༤ ལུ་ སློབ་དཔོན་༡,༡༩༣ དེ་ཅིག་གིས་ དགོངས་ཞུ་འབད་ཡོདཔ་ཨིན་པས།
དེ་ཡང་ ཁག་འབག་སློབ་དཔོན་༦༤༨ དང་ གཏན་འཇགས་སློབ་དཔོན་༥༤༥ ཡོདཔ་ཨིན་པས།
སྤྱིར་སྙོམས་ལུ་ སློབ་དཔོན་དགོངས་ཞུ་འབད་མི་དེ་ གཞུང་གི་སློབ་གྲྭ་ནང་བརྒྱ་ཆ་༦.༩ དང་ ཟླ་རིམ་བཞིན་དུ་ སློབ་དཔོན་༩༩ དེ་རེ་ དགོངས་ཞུ་འབད་མི་དེ་གིས་ འདས་པའི་ལོ་༥ འི་ནང་འཁོད་ལུ་ མཐོ་ཤོས་ཅིག་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ སློབ་དཔོན་༣༧༡ ཤེས་རིག་གི་ལམ་ལུགས་ལས་ ཕྱིར་བཏོན་འབད་ཡོདཔ་ད་ དེ་བསྒང་ དགོངས་ཞུའི་ཚད་གཞི་དེ་ བརྒྱ་ཆ་༣.༨ ལས་བརྒལ་མེདཔ་ལས་ སྤྱི་ལོ་༢༠༢༢ དང་ཕྱདཔ་ད་ བརྒྱ་ཆ་༠.༧ དེ་ཅིག་ མར་བབས་སོང་ཡོདཔ་ཨིན་པས།
འདས་པའི་ལོ་༥ འི་ནང་ སློབ་དཔོན་དགོངས་ཞུ་འབད་མི་ གྱངས་ཁ་དེ་ རྒྱ་ཆེ་དྲགས་སྦེ་ར་ ཡར་སེང་སོང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༠ ལུ་ སློབ་དཔོན་༡༦༣ དང་ སྤྱི་ལོ་༢༠༢༡ ལུ་ སློབ་དཔོན་༣༥༣ སྤྱི་ལོ་༢༠༢༢ ལུ་ སློབ་དཔོན་༤༧༨ དེ་ལས་ སྤྱི་ལོ་༢༠༢༣ ལུ་ སློབ་དཔོན་༣༧༡ དང་ དུས་ཅི་ལོ་ནང་ སློབ་དཔོན་༡,༡༩༣ གྱིས་ དགོངས་ཞུ་འབད་ཡོདཔ་ཨིན་པས།
དགོངས་ཞུ་འབད་མི་ཚུ་གི་གྲས་ལས་ མཐོ་ཤོས་ར་ གཏན་འཇགས་སློབ་དཔོན་ཚུ་ཨིནམ་བཞིན་དུ་ སློབ་དཔོན་༥༢༩ གིས་ དགོངས་ཞུའི་ལོ་ཚད་ཀྱི་ ལམ་ལུགས་ནང་ མ་འཛུལ་བར་ དགོངས་ཞུ་འབད་ནི་ལུ་ གདམ་ཁ་རྐྱབ་ཡོདཔ་ཨིན་པས།
རང་སོའི་ཁག་འབག་གི་ གནས་ཡུན་ཚང་སྟེ་ སློབ་དཔོན་༣༡༨ ཀྱིས་ དགོངས་ཞུ་འབད་ཡོདཔ་ཨིན་པས།
དེ་ལས་ སློབ་དཔོན་༡༠༧ གྱིས་ གཏན་འཇགས་ཞི་གཡོགཔ་སྦེ་ ཐོབ་པའི་ཤུལ་ལས་ ཁག་འབག་དེ་ ཆ་མེད་བཏང་ཡོདཔ་ཨིན་པས།
གནད་དོན་གཞན་ཚུ་ཡང་ སློབ་དཔོན་༢༢༤ གིས་ ཁས་བླངས་ཐོག་ལས་ དགོངས་ཞུ་འབད་བའི་ཁར་ སློབ་དཔོན་༨ ཚེ་ལས་འདས་ཡོདཔ་ད་ སློབ་དཔོན་༤ ངེས་པར་དགོངས་ཞུ་ དེ་ལས་ སློབ་དཔོན་༣ གྱི་ བསྐོ་བཞག་དེ་ ཆ་མེདཔ་བཏང་ཡོདཔ་ཨིན་པས།
ལཱ་གི་གནས་སྟངས་ལུ་བརྟེན་ མང་ཤོས་ཅིག་གིས་ ཤེས་རིག་གི་ ལམ་ལུགས་དེ་ བཤོལ་བཞག་དོ་ཡོདཔ་ལས་ གཏན་འཇགས་ཀྱི་ ལས་བྱེདཔ་ཚུ་ཡང་ དགོངས་ཞུ་འབད་མི་ལུ་བལྟ་བ་ཅིན་ དགོངས་ཞུ་མ་འབད་བར་ བཀག་བཞག་ཚུགས་པར་ གདོང་ལེན་འབྱུང་ནི་བཟུམ་ཅིག་ཡོདཔ་ཨིན་པས།
སློབ་གྲྭ་དབྱེ་ཁག་ཚུ་དང་འགྱོ་བ་ཅིན་ སློབ་དཔོན་དགོངས་ཞུ་འབད་མི་དེ་ མང་ཤོས་ར་ འབྲིང་རིམ་སློབ་གྲྭ་གོང་མ་ཚུ་ནང་ཡོདཔ་བཞིན་དུ་ བརྒྱ་ཆ་༡༢.༤༦ ཡོདཔ་ཨིན་པས།
དགོངས་ཞུ་འབད་མི་ཚུ་གི་གྲས་ལས་ ཨམ་སྲུ་བརྒྱ་ཆ་༡༥.༨༢ དང་ ཕོ་སྐྱེས་བརྒྱ་ཆ་༡༠.༢༡ ཡོདཔ་ཨིན་པས།
སློབ་གྲྭ་ཆུང་དང་ འབྲིང་རིམ་སློབ་གྲྭ་འོག་མའི་ནང་ སློབ་དཔོན་དགོངས་ཞུ་འབད་མི་དེ་ བརྒྱ་ཆ་༡༢.༡༡ དང་ བརྒྱ་ཆ་༡༡.༦༩ ཡོདཔ་བཞིན་དུ་ ཕོ་སྐྱེས་དང་ཕྱདཔ་ད་ ཨམ་སྲུ་མངམ་ཡོདཔ་ཨིན་པས།
འབྲིང་རིམ་སློབ་གྲྭ་མའི་ནང་ སློབ་དཔོན་དགོངས་ཞུ་དེ་ བརྒྱ་ཆ་༡༠.༨༤ ཡོད་མི་ཚུ་གི་གྲས་ལས་ ཨམ་སྲུ་བརྒྱ་ཆ་༡༣.༡༡ དང་ ཕོ་སྐྱེས་བརྒྱ་ཆ་༨.༩༣ ཡོདཔ་ཨིན་པས།
སློབ་དཔོན་ཚུ་ མང་ཤོས་ར་ ལཱ་གཡོག་ནང་འཛུལ་ཏེ་ ལོ་༤ ལང་མི་ཚུ་ཡོདཔ་ད་ དེ་ཡང་ སློབ་དཔོན་ཡོངས་བསྡོམས་༧༢༨ ལས་༥༨༣ ཁག་འབག་གི་ སློབ་དཔོན་ཚུ་ཨིན་པས།
ལཱ་གཡོག་ནང་འཛུལ་ཏེ་ ལོ་༥-༩ ལང་མི་ གཏན་འཇགས་སློབ་དཔོན་༡༠༧ བརྩིས་ཏེ་ སློབ་དཔོན་༡༦༦ གིས་ དགོངས་ཞུ་འབད་ཡོདཔ་ཨིན་པས།
ལོ་༡༠-༡༤ ལང་མི་ སློབ་དཔོན་༡༥༤ གྱིས་ དགོངས་ཞུ་འབད་མི་ མང་ཤོས་ར་ གཏན་འཇགས་ཐོག་ལས་ ཕྱག་ཞུ་མི་ཚུ་ཨིན་པས།
ལོ་༡༥-༡༩ ལང་མི་ སློབ་དཔོན་༩༨ དང་ ལོ་༢༠-༢༤ ལང་མི་ སློབ་དཔོན་༣༥ དེ་ལས་ སློབ་དཔོན་སྦེ་ ཕྱག་ཞུ་སྟེ་ ལོ་༢༥-༢༩ ལང་མི་ སློབ་དཔོན་༣ དང་ ལོ་༣༠ ཡན་ཆད་ལང་མི་ སློབ་དཔོན་༩ གིས་ དགོངས་ཞུ་འབད་ནུག།
སྤྱི་ལོ་༢༠༢༤ ལུ་ སློབ་དཔོན་ལས་ དགོངས་ཞུ་འབད་མི་ མཐོ་ཤོས་ར་ ཐིམ་ཕུག་ཁྲོམ་སྡེ་ནང་ལས་ཡོདཔ་བཞིན་དུ་ གཏན་འཇགས་སློབ་དཔོན་༧༦ དང་ ཁག་འབག་སློབ་དཔོན་༡༢༩ བརྩིས་ཏེ་ སློབ་དཔོན་༢༠༥ གིས་ དགོངས་ཞུ་འབད་ཡོདཔ་ཨིན་པས།
དེ་གི་འོག་ལས་ སྤ་རོ་རྫོང་ཁག་ལས་ ཁག་འབག་སློབ་དཔོན་༣༥ དང་ གཏན་འཇགས་༦༩ བརྩིས་ཏེ་ སློབ་དཔོན་༡༠༤ གིས་ དགོངས་ཞུ་འབད་བའི་ཁར་ བསམ་རྩེ་དང་ དབང་འདུས་ཕོ་བྲང་རྫོང་ཁག་ལས་ སློབ་དཔོན་༩༦ དང་༡༡༠ དེ་རེ་ དགོངས་ཞུ་འབད་ཡོད་པའི་གནས་ཚུལ།