དེ་ཡང་ འདས་པའི་ལོ་༤ གི་ནང་འཁོད་ལུ་ མཐོ་ཤོས་ཅིག་ཨིན་པས།
༉ ན་ཧིང་ རྒྱལ་ཁབ་ཀྱི་ སློབ་གྲྭ་༡༤༤ ལས་ སློབ་རིམ་༡༠ པའི་ སློབ་ཕྲུག་༨,༩༩༠ གིས་ འབྲིང་རིམ་སློབ་གྲྭ་བར་མའི་ བཀོད་ཚོགས་སམ་ གཞུང་གི་ཆོས་རྒྱུགས་ཕུལ་མིའི་གྲས་ལས་ སློབ་ཕྲུག་༦,༧༠༣ གྱིས་ མཐར་འཁྱོལ་ནུག།
སྤྱིར་བཏང་མཐར་འཁྱོལ་བརྒྱ་ཆ་༧༤.༥༦ འབདཝ་ད་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༠.༧༨ ཀྱིས་ ཡར་སེང་སོང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༣ ནང་ སྤྱིར་བཏང་ གྲུབ་འབྲས་མཐར་འཁྱོལ་ བརྒྱ་ཆ་༧༣.༧༨ ལས་བརྒལ་མེདཔ་ཨིན་པས།
སློབ་རིམ་༦ པ་དང་ སློབ་རིམ་༡༠ པའི་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཡང་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་བརྟག་ཞིབ་ཚོགས་སྡེ་གིས་ ད་རིས་ཉིན་མ་ཁམས་ཅིག་ཁར་ གསལ་བསྒྲགས་འབད་ཡི།
ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་གི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ ད་རེས་ ཆོས་རྒྱུགས་གྲུབ་འབྲས་ ཡར་སེང་སོང་མི་དེ་ཡང་ སློབ་དཔོན་དང་ སློབ་ཕྲུག་ཚུ་གི་ ལཱ་དང་ དཔེ་ཆ་རྩ་འགེངས་ཏེ་ ལྷབ་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
དེ་མ་ཚད་ ལྷན་ཁག་གིས་ སློབ་གྲྭ་ཚུ་ནང་ མཐུན་རྐྱེན་ཚུ་ ཡར་དྲག་བཏང་མི་ལུ་བརྟེན་ཨིནམ་བཞིན་དུ་ སློབ་གྲྭ་ཚུ་ནང་ མཐུན་རྐྱེན་མེད་པའི་ དཀའ་ངལ་ཚུ་ཡང་ སེལ་ཐབས་འབད་དེ་ ལྷག་པར་དུ་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཚུ་ ཡར་སེང་འགྱོ་བའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སློབ་རིམ་༡༠ པ་ལས་ མཐར་འཁྱོལ་ཏེ་ ནང་རིག་ཆོས་ཚན་ ལྷབ་མི་སློབ་ཕྲུག་ཚུ་གིས་ རྩིས་ཀྱི་ཆོས་ཚན་ ལྷབ་ནི་དེ་ གལ་ཆེ་དྲགས་ཅིག་ཨིན་མས་ཟེར་ཨིན་པས།
ཆོས་རྒྱུགས་ནང་ལས་ དྲག་ཤོས་ཐོན་མི་ཚུ།
སློབ་རིམ་༡༠ པའི་ནང་ལས་ ཐིམ་ཕུག་ གཟི་ལུང་ཁ་འབྲིང་རིམ་སློབ་གྲྭ་བར་མ་ལས་ བཀྲིས་དོན་གྲུབ་ཀྱིས་ སྐུགས་ཚད་བརྒྱ་ཆ་༩༥ ཐོབ་སྟེ་ ཨང་པ་དང་ ཨང་༢ པ་དེ་ བློ་གསལ་གླིང་འབྲིང་རིམ་སློབ་གྲྭ་འོག་མ་ལས་ བཙན་སྐྱོགས་དངོས་གྲུབ་ཀྱིས་ སྐུགས་ཚད་བརྒྱ་ཆ་༩༤.༤ ཐོབ་སྟེ་ ཐོན་ཡོདཔ་ད་ དེ་ལས་ བཀྲིས་སྒང་ རང་འབྱུང་སློབ་གྲྭ་ལྟེ་བ་ལས་ སློབ་ཕྲུག་ལྷ་དབང་མཚོ་སྐྱིད་ཀྱིས་ པདྨ་ལྷ་སྒྲོན་གྱིས་ སྐུགས་ཚད་བརྒྱ་ཆ་༩༤ ཐོབ་སྟེ་ ཨང་༣ པ་ཐོན་ནུག།
ཚོགས་སྡེ་དང་འཁྲིལ་བ་ཅིན་ པདྨ་དགའ་ཚལ་འབྲིང་རིམ་སློབ་གྲྭ་བར་མ་དང་ མོང་སྒར་ ན་སྒོར་འབྲིང་རིམ་སློབ་གྲྭ་བར་མ་ ཐིམ་ཕུག་ ཌོག་ཊར་སྟོབས་རྒྱལ་སློབ་གྲྭ་ ཨི་ཨཱེལ་སི་སློབ་གྲྭ་ཆེ་བ་ འབྲུག་རྐང་རྩེད་ཤེས་ཡོན་སློབ་གྲྭ་ དེ་ལས་ མགར་ས་ ལ་ཡ་སློབ་གྲྭ་ཚུ་གིས་ མཐར་འཁྱོལ་གྲུབ་འབྲས་ བརྒྱ་ཆ་ལས་༡༠༠ ཐོབ་ཡོདཔ་ཨིན་པས།
སྐད་ཡིག་དང་ལམ་སྲོལ་དབྱེ་ཁག་ལས་ ཀྲོང་གསར་ སྟག་རྩེ་སློབ་གྲྭ་ལྟེ་བ་ལས་ རིན་ཆེན་རྣམ་རྒྱལ་དབང་ཕྱུག་གིས་ སྐུགས་ཚད་བརྒྱ་ཆ་༨༧.༢ དང་ དབང་རྒྱལ་མཚན་གྱིས་ སྐུགས་ཚད་བརྒྱ་ཆ་༨༥ དེ་ལས་ སློབ་ཕྲུག་ཚེ་རིང་ལྷ་སྒྲོན་གྱིས་ སྐུགས་ཚད་བརྒྱ་ཆ་༨༣.༨ རེ་ཐོབ་སྟེ་ ཨང་དང་པ་དང་༢ པ་ དེ་ལས་ ཨང་༣ པ་ཐོན་ནུག།
སྟག་རྩེ་སློབ་གྲྭ་ལྟེ་བ་ལས་ སློབ་ཕྲུག་༡༨ ཀྱིས་ སྐད་ཡིག་དང་ ལམ་སྲོལ་གྱི་ ཆོས་རྒྱུགས་ཕུལ་མི་ ག་ར་གིས་ མཐར་འཁྱོལ་ཡོདཔ་ལས་ མཐར་འཁྱོལ་གྲུབ་འབྲས་ བརྒྱ་ཆ་ལས་བརྒྱ་ཐོན་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༡༣.༣༣ གྱིས་ ཡར་འཕར་སོང་ཡོདཔ་ཨིན་པས།
སློབ་རིམ་༦ པའི་ གཞུང་གི་ཆོས་རྒྱུགས་ནང་ལས་ བཀྲིས་སྒང་ མོ་ཤི་སློབ་གྲྭ་ཆུང་བ་ལས་ སློབ་ཕྲུག་བཀྲིས་སྒྲོལ་མ་དང་ ཆུ་ཁ་དར་ལ་སློབ་གྲྭ་འབྲིང་རིམ་སློབ་གྲྭ་གོང་མ་ལས་ ཌིཤ་ཏི་ས་མཱལ་ ཐིམ་ཁྲོམ་ རིན་ཆེན་ཀུན་ཕན་སློབ་གྲྭ་ཆུང་བ་ལས་ རྟ་མགྲིན་མཚོ་མོ་འབྲུག་པ་ དེ་ལས་ ཐིམ་ཁྲོམ་ བདེ་ཆེན་ཆོས་གླིང་འབྲིང་རིམ་སློབ་གྲྭ་གོང་མ་ལས་ སློབ་ཕྲུག་འཇིགས་གསལ་འཇིགས་མེད་གསལ་སྒྲོན་བརྩིས་ཏེ་ སློབ་ཕྲུག་༤ གིས་ སྐུགས་ཚད་བརྒྱ་ཆ་༩༥.༥ རེ་ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ཨིན་པས།
བསམ་རྩེ་ མཁའ་འགྲོ་ཐང་སློབ་གྲྭ་ཆུང་བའི་སློབ་ཕྲུག་ ཚེ་དབང་ཡིད་རྒྱལ་རིག་འཛིན་དང་ དར་དཀར་ན་ དར་དཀར་དཔལ་ལ་འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ ཡིད་འོང་བསོད་ནམས་པདྨ་༢ ཀྱིས་ སྐུགས་ཚད་བརྒྱ་༩༤.༧༥ རེ་ཐོབ་སྟེ་ ཨང་༢ ཐོབ་ཡོདཔ་ཨིན་པས།
དེ་ལས་ ཆུ་ཁ་ཕུན་ཚོགས་གླིང་སློབ་གྲྭ་ཆུང་བ་ལས་ ཨ་དིཔ་ཤར་མ་དང་ དར་དཀར་དཔལ་ལ་འབྲིང་རིམ་སློབ་གྲྭ་བར་མ་ལས་ སུ་དི་པ་ ཆེ་ཏི་རི་ དེ་ལས་ ཐིམ་ཁྲོམ་ ལྕང་རིག་འཕེལ་སློབ་གྲྭ་ཆུང་བ་ལས་ ཨ་ཌིཔ་ བྷ་ཊ་རའེ་ཚུ་གིས་ སྐུགས་ཚད་བརྒྱ་ཆ་༩༤.༥ རེ་ ཐོབ་སྟེ་ ཨང་༣ པ་ཐོན་ཡོདཔ་ཨིན་པས།
རྒྱལ་ཁབ་ཀྱི་ སློབ་གྲྭ་ཁག་མ་འདྲཝ་༤༠༩ (གཞུང་གི་སློབ་གྲྭ་༣༩༣ དང་ སྒེར་གྱི་སློབ་གྲྭ་༡༦) ལས་ སློབ་རིམ་༦ པའི་ སློབ་ཕྲུག་༡༣,༧༩༢ ཀྱིས་ གཞུང་གི་ཆོས་རྒྱུགས་ ཕུལ་མི་ལས་ སློབ་ཕྲུག་༡༠,༦༦༦ གིས་ མཐར་འཁྱོལ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ ལུ་ སློབ་རིམ་༦ པའི་ནང་ སྤྱིར་བཏང་མཐར་འཁྱོལ་གྲུབ་འབྲས་ བརྒྱ་ཆ་༧༧.༣༢ ཡོད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༤.༩༤ གི་ ཡར་འཕར་སོང་ཡོདཔ་ད་ སྤྱི་ལོ་༢༠༢༣ ལུ་འབད་བ་ཅིན་ བརྒྱ་ཆ་༧༢.༣ ལས་བརྒལ་ མེདཔ་ཨིན་པས།
སློབ་རིམ་༦ པའི་ ཆོས་རྒྱུགས་ནང་ལས་ སློབ་གྲྭ་༤༨ ཀྱིས་ གཞུང་གི་ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་གྲུབ་འབྲས་ བརྒྱ་ཆ་ལས་༡༠༠ ཐོན་ཡོདཔ་ཨིན་པས།
སློབ་རིམ་༡༠ པ་ལས་ མཐར་འཁྱོལ་མི་ཚུ་ཡང་ རང་སོའི་སྐུགས་ཚད་དང་འཁྲིལ་ཏེ་ གཞུང་གི་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་འབད་ནིའི་ གོ་སྐབས་འཐོབ་ནི་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།