སློབ་རིམ་༡༢ པའི་ སློབ་ཕྲུག་མང་ཤོས་ཅིག་གིས་ རྩིས་དང་ རྩིས་རིག་ཆོས་ཚན་ ལེགས་ཤོམ་འབད་མ་ཚུགས་པར་ཡོདཔ་ཨིན་པས།
༉ ན་ཧིང་ རྒྱལ་ཁབ་ནང་འཁོད་ཀྱི་ འབྲིང་རིམ་སློབ་གྲྭ་གོང་མ་༧༩ ལས་ སློབ་རིམ་༡༢ པའི་ གཞུང་གི་ཆོས་རྒྱུགས་དོན་ལུ་ ཡོངས་བསྡོམས་སློབ་ཕྲུག་༨,༩༩༦ གིས་ ཐོ་བཀོད་འབད་ཡོད་མི་ལས་༧,༧༡༠ མཐར་འཁྱོལ་བྱུང་ནུག།
ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་དང་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་བརྟག་ཞིབ་ཚོགས་སྡེ་གིས་ འབྲིང་རིམ་སློབ་གྲྭ་གོང་མ་དང་ སྐད་ཡིག་དང་ལམ་སྲོལ་ཤེས་ཡོན་གྱི་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཚུ་ཡང་ ད་རིས་ གསལ་བསྒྲགས་འབད་ཡི།
སྤྱིར་བཏང་ཆོས་རྒྱུགས་ཀྱི་ མཐར་འཁྱོལ་གྲུབ་འབྲས་བརྒྱ་ཆ་༨༥.༧༠ ཡོད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༡.༣༩ མར་བབས་སོང་ཡོདཔ་ད་ ལོ་དེ་ནང་ མཐརའ་འཁྱོལ་གྲུབ་འབྲས་བརྒྱ་ཆ་༨༧.༠༩ སྡོད་ཡོདཔ་ཨིན་པས།
ད་རེས་ སློབ་རིམ་༡༢ པའི་ སློབ་ཕྲུག་ཚུ་གིས་ རྩིས་དང་ རྩིས་རིག་ནང་ ལེགས་ཤོམ་འབད་མ་ཚུགསཔ་བཞིན་དུ་ རྩིས་ཆོས་ཚན་ནང་ མཐར་འཁྱོལ་གྲུབ་འབྲས་དེ་ བརྒྱ་ཆ་༣༠.༥༥ དང་ རྩིས་རིག་ཆོས་ཚན་ནང་འབད་བ་ཅིན་ མཐར་འཁྱོལ་གྲུབ་འབྲས་བརྒྱ་ཆ་༢༠.༩༦ ལས་བརྒལ་ མེདཔ་ཨིན་པས།
ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་གི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ རྩིས་དེ་ དཀའ་ངལ་དང་ གདོང་ལེན་ཅན་གྱི་ ཆོས་ཚན་ཅིག་འབདཝ་ལས་ སློབ་ཕྲུག་ཚུ་གིས་འབད་རུང་ རྩ་འགེངས་ཏེ་ མ་ལྷབ་པའི་ རྟགས་མཚན་ཅིག་མེན་ན་ཟེར་ཨིན་པས།
འགོ་དཔོན་གིས་འབད་བ་ཅིན་ རྩིས་ཆོས་ཚན་ཚུ་ཡང་ རྩ་གཞུང་ཡང་ བློ་གསར་ལས་ འགོ་བཙུགས་ཏེ་ ཡར་དྲག་བཏང་སྟེ་ཡོདཔ་ད་ ད་རེས་ནངས་པ་ རྒྱ་གར་ལས་ ཨེསི་ཊེམ་ཟེར་ ཚན་རིག་དང་ འཕྲུལ་རིག་ བཟོ་རིག་ དེ་ལས་ རྩིས་ཀྱི་སློབ་དཔོན་ཚུ་ སློབ་གྲྭ་འབད་དེ་ཡོད་ཟེར་ཨིན་པས།
འགོ་དཔོན་གྱིས་འབད་བ་ཅིན་ སློབ་དཔོན་ཚུ་ སློབ་དཔོན་མ་ལང་པའི་ སློབ་གྲྭ་ཚུ་ནང་ བགོ་བཀྲམ་འབད་དེ་ ལོ་༢ མ་ལངམ་ལས་ གྲུབ་འབྲས་ཐོན་ནི་ལུ་ དུས་ཚོད་འགོར་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྩིས་དེ་ གདོང་ལེན་ཅན་གྱི་ ཆོས་ཚན་ཨིན་རུང་ ང་བཅས་ཀྱིས་ སློབ་ཕྲུག་ཚུ་གི་ གྲུབ་འབྲས་ཡར་དྲག་གཏང་ནི་ལུ་ རྩ་འགེངས་ནི་ཨིནམ་བཞིན་དུ་ རྩ་གཞུང་དང་ སློབ་སྟོན་དང་ ལྷབ་སྦྱང་ཚུ་ ཡར་དྲག་གཏང་ནི་དང་ གསར་བཏོད་ཅན་གྱི་ གོ་སྐབས་ཚུ་ཡང་ བྱིན་འོང་ཟེར་ཨིན་པས།
ཆོས་རྒྱུགས་ནང་ལས་ དྲག་ཤོས་ཐོན་མི་ཚུ།
སློབ་རིམ་༡༢ པའི་ ཚན་རིག་ཆོས་ཚན་ལས་ ཨང་དང་པ་དང་༢ པ་ དེ་ལས་ ཨང་༣ པ་ ག་ར་ སྤུ་ན་ཁ་རིག་སྤེལ་འབྱུང་གནས་ལས་ ཐོན་ཡོདཔ་བཞིན་དུ་ རིག་འཛིན་རྣམ་རྒྱལ་གྱིས་ སྐུགས་ཚད་བརྒྱ་ཆ་༩༠.༧༥ ཐོབ་སྟེ་ ཨང་པ་དང་ ཨང་༢ པ་དེ་ རྟ་མགྲིན་དགའ་རབ་རྡོ་རྗེ་གིས་ སྐུགས་ཚད་བརྒྱ་ཆ་༩༠ ཐོབ་སྟེ་ ཐོན་ཡོདཔ་ད་ དེ་ལས་ པདྨ་ལྷ་སྒྲོན་གྱིས་ སྐུགས་ཚད་བརྒྱ་ཆ་༨༨ ཐོབ་སྟེ་ ཨང་༣ པ་ཐོན་ནུག།
ཚོང་རིག་ཆོས་ཚན་ལས་ ཐིམ་ཕུག་ མུ་གཏི་ཐང་འབྲིང་རིམ་སློབ་གྲྭ་གོང་མ་ལས་ འཕྲིན་ལས་སྒྲོལ་མ་གིས་ས སྐུགས་ཚད་བརྒྱ་ཆ་༨༨.༥༠ ཐོབ་སྟེ་ ཨང་དང་པ་དང་ སྡེ་སྲིད་སློབ་གྲྭ་ཆེ་བ་ལས་ མཚོ་སྐྱིད་དབང་མོ་གིས་ སྐུགས་ཚད་བརྒྱ་ཆ་༨༦.༧༥ ཐོབ་སྟེ་ ཨང་༢ པ་ཐོན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཨང་༣ དེ་ཡང་ སློབ་གྲྭ་དེ་ནང་ལས་ར་ ཀུན་ལེགས་ལྷན་གྲུབ་དང་ སྤ་རོ་ཀརྨ་སློབ་གྲྭ་ལས་ ཟླ་བ་རྒྱལ་མཚན་༢ ཀྱིས་ སྐུགས་ཚད་བརྒྱ་ཆ་༨༥.༢༥ དེ་རེ་ཐོབ་སྟེ་ ཨང་༣ པ་ཐོན་ནུག།
དེ་ལས་ ནང་རིག་ཆོན་ཚན་ནང་ལས་ ཀརྨ་སློབ་གྲྭ་ལས་ པདྨ་མཚོ་རྒྱལ་གྱིས་ སྐུགས་ཚད་བརྒྱ་ཆ་༨༩ ཐོབ་སྟེ་ ཨང་དང་པ་དང་ བཀྲིས་སྒང་ འཇིགས་མེད་ཤེས་རབ་གླིང་འབྲིང་རིམ་སློབ་གྲྭ་ལས་ འཇིགས་མེད་འཕྲིན་ལས་ཀྱིས་ སྐུགས་ཚད་བརྒྱ་ཆ་༨༤.༥༠ ཐོབ་སྟེ་ ཨང་༢ པ་ དེ་ལས་ སྡེ་སྲིད་སློབ་གྲྭ་ཆེ་བ་ལས་ བིཤ་ནུ་མ་ཡ་ པའོ་ཌེལ་གྱིས་ སྐུགས་ཚད་བརྒྱ་ཆ་༨༤༢༥ ཐོབ་སྟེ་ ཨང་༣ པ་ཐོན་ནུག།
སྐད་ཡིག་དང་ལམ་སྲོལ་གྱི་ ཆོས་རྒྱུགས་ཀྱི་དབྱེ་ཁག་ནང་ལས་ ཀྲོང་གསར་ སྟག་རྩེ་སློབ་གྲྭ་ལྟེ་བ་ལས་ སློབ་ཕྲུག་འཆི་མེད་དབང་ཕྱུག་གིས་ སྐུགས་ཚད་བརྒྱ་ཆ་༩༣.༧༥ དང་ སློབ་གྲྭ་དེ་ནང་ལས་ར་ ཨོ་རྒྱན་ཀརྨ་དང་ པདྨོ་ཆོས་སྡེབ་༢ ཀྱིས་ སྐུགས་ཚད་བརྒྱ་ཆ་༩༠.༥༠ དེ་རེ་ ཐོབ་སྟེ་ ཨང་༢ པ་ཐོན་ནུག།
ཨང་༣ པ་འབད་བ་ཅིན་ བསོད་ནམས་ཆོས་སྒྲོན་དང་ ཚེ་རིང་དཔལ་སྒྲོན་ བཟོད་པ་ དེ་ལས་ བསོད་ནམས་རྒྱལ་མཚན་༣ གྱིས་ སྐུགས་ཚད་བརྒྱ་ཆ་༨༩ རེ་ ཐོབ་སྟེ་ ཨང་༣ པ་ཐོན་ཡོདཔ་ཨིན་པས།
སྐད་ཡིག་དང་ལམ་སྲོལ་ཆོས་རྒྱུགས་ནང་ མཐར་འཁྱོལ་བརྒྱ་ཆ་༡༠༠ ཐོན་མི་དེ་ འདས་པའི་ལོ་ཕྱདཔ་ད་ བརྒྱ་ཆ་༡.༢༠ དེ་ཅིག་ ཡར་འཕར་སོང་ཡོདཔ་བཞིན་དུ་ ལོ་དེ་ནང་ མཐར་འཁྱོལ་གྲུབ་འབྲས་ བརྒྱ་ཆ་༩༨.༨༠ སྡོད་ཡོདཔ་ཨིན་པས།
དེ་ལས་ སློབ་རིམ་༨ པའི་ གཞུང་གི་ཆོས་རྒྱུགས་ནང་ལས་ ལྷུན་རྩེ་འབྲིང་རིམ་སློབ་གྲྭ་གོང་མ་ལས་ བདེ་སྐྱིད་གསལ་སྒྲོན་གྱིས་ སྐུགས་ཚད་བརྒྱ་ཆ་༩༥.༨༠ ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་ད་ བཀྲིས་གཡང་རྩེ་ སྦས་གླིང་སློབ་གྲྭ་ལྟེ་བ་ལས་ འཇིགས་མེད་ཚུལ་ཁྲིམས་སྐལ་བཟང་དང་ ཕུན་ཚོགས་གླིང་རིག་གསར་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་འཕྲིན་ལས་དགྲ་འདུལ་རྒྱ་མཚོ་༢ ཀྱིས་ སྐུགས་ཚད་བརྒྱ་ཆ་༩༥.༦༠ རེ་ཐོབ་སྟེ་ ཨང་༢ པ་ དེ་ལས་ བཀྲིས་སྒང་ འཇམ་དཔལ་གླིང་སློབ་གྲྭ་ལྟེ་བ་ལས་ ཚེ་རིང་ཆོས་འཛོམས་ཀྱིས་ སྐུགས་ཚད་བརྒྱ་ཆ་༩༤.༨༠ ཐོབ་སྟེ་ ཨང་༣ པ་ ཐོན་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།