༉ དམིགས་བསལ་དུ་ གནམ་བྱཱར་གྱི་སྐབས་ ཨ་མོ་ཆུ་ཟམ་གྱི་ཉེ་འདབས་ལུ་ འཕྲལ་འཕྲལ་སྦེ་ར་ ཆུ་རུད་ཐོན་མི་ལུ་བརྟེན་ ལམ་བསུབས་དོ་ཡོདཔ་ལས་ ཧཱ་དང་ བསམ་རྩེའི་གཞུང་ལམ་བདའ་སྟེ་སྡོད་མི་ཚུ་གིས་ འཁོར་ལམ་དེ་ ཉམས་བཅོས་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ རེ་ཚེས་སྐབས་ར་ ཧཱ་གསང་སྦས་ཁ་དང་ མཐུད་སྦྲེལ་འབད་མི་ཚུགས་དོ་ཡོདཔ་ཨིན་པས།
ཐིམ་ཕུག་གི་ འགྲོ་འགྲུལ་སྐྱེལ་འདྲེན་ལུང་ཕྱོགས་ཡིག་ཚང་འོག་ལུ་ཡོད་མི་ ཧཱ་དང་ བསམ་རྩེའི་གཞུང་ལམ་ བྱེང་ཀ་ནང་ལས་ སྤུ་རྩི་ན་ཚུན་ འཁོར་ལམ་ཀི་ལོ་མི་ཊར་༧༧ འབད་མི་དེ་ གནམ་བྱཱར་གྱི་སྐབས་ འཕྲལ་འཕྲལ་ར་ བསུབས་དོ་ཡོད་པའི་ དཀའ་ངལ་ཚུ་ བྱུང་དོ་ཡོདཔ་ཨིན་པས།
ས་གནས་ཀྱི་མི་ཚུ་གིས་ འཁོར་ལམ་ཉམས་བཅོས་དང་ རྩི་ནག་གཏང་དགོ་པའི་ཞུ་བ་ ཧེ་མ་ལས་ར་འབད་ཡོདཔ་ད་ ད་རེས་ཀྱི་ རྩིས་ལོའི་ནང་ ལ་སོ་ནང་ལས་ སྤུ་རྩི་ནང་ཚུན་གྱི་ ལས་འགུལ་གྱི་ ཁ་གསལ་བརྟག་ཞིབ་སྙན་ཞུ་ འགོ་འདྲེན་འཐབ་ནི་ལུ་ མ་དངུལ་ཚད་གཅིག་ལས་བརྒལ་ བགོ་བཀྲམ་འབད་དེ་མེདཔ་བཞིན་དུ་ ལས་འགུལ་བརྟག་ཞིབ་སྙན་ཞུ་དེ་ མཇུག་བསྡུ་ནིའི་གུ་ ལྷོད་དེ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ ཧཱ་དང་ བསམ་རྩེ་གི་ གཞུང་ལམ་དེ་ ལེགས་བཅོས་འབད་ནི་འགོ་བཙུགས་ཡོདཔ་ད་ སྤྱི་ལོ་༢༠༡༩ ལུ་ བྱེང་ཀ་ནང་དང་ གསང་སྦས་དྲུང་ཁག་བར་ནའི་ གཞུང་ལམ་འདི་ རྩི་ནག་གཏང་ཡོདཔ་ཨིན་པས།
འཁོར་ལམ་ག་ར་ ལེགས་ཤོམ་སྦེ་ ལེགས་བཅོས་མ་འབད་མི་ལུ་བརྟེན་ འགྲོ་འགྲུལ་པ་ཚུ་ལུ་ དཀའ་ངལ་དང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།
འགྲོ་འགྲུལ་སྐྱེལ་འདྲེན་ལུང་ཕྱོགས་ཀྱི་ བཟོ་རིག་གཙོ་འཛིན་ ཕྱག་རྡོ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཨ་མོ་ཆུ་གི་ ཉེ་འདབས་ལུ་ཡོད་པའི་ གཡང་རྩེ་ན་འཛོམས་སར་དང་ རིམ་སྒྲིག་འབད་ནི་གི་ གྲོས་འཆར་བཙུགས་པའི་ཁར་ ལ་མཚོ་ན་ལས་ སྤུ་རྩི་ན་ཚུན་ འཁོར་ལམ་ལེགས་བཅོས་འབད་ནི་ཚུ་ འཆར་གཞི་༡༣ པའི་ནང་ བཙུགས་ཏེ་ཡོད་ཟེར་ཨིན་པས།
གསང་སྦས་ཁ་དྲུང་ཁག་ནང་ ལམ་རྒྱ་སྐྱེད་འབད་མི་ལུ་བརྟེན་ གཞུང་ལམ་བདའ་སྟེ་སྡོད་མི་ཚུ་ རྒྱ་ཆེ་དྲགས་སྦེ་ར་ བསྒྱུར་བཅོས་སོང་སྟེ་ཡོདཔ་ད་ དེ་ཡང་ ཚོང་འབྲེལ་གསརཔ་དང་ གཞི་རྟེན་མཐུན་རྐྱེན་ དེ་ལས་ ལྟ་བཤལ་གོང་འཕེལ་ ལྷག་པར་དུ་ རོང་རྩེ་གནས་ལུ་བརྟེན་ ལོ་བསྟར་བཞིན་དུ་ མི་སྟོང་ཕྲག་ལས་བཅད་དེ་ འོང་དོ་ཡོདཔ་ཨིན་པས།
ལ་མཚོ་ན་དང་ སྤུ་རྩི་ན་བར་ན་ འཁོར་ལམ་རྒྱ་སྐྱེད་གཏང་ནིའི་དོན་ལུ་ ཟད་འགྲོ་མ་དངུལ་ས་ཡ་༤༧༡.༩༨ ཚོད་རྩིས་བཏོན་ཏེ་ཡོདཔ་བཞིན་དུ་ མ་དངུལ་དེ་ ཐོབ་པའི་ཤུལ་ལས་ ཉམས་བཅོས་ཀྱི་ལཱ་ཚུ་ འཆར་གཞི་དེ་ནང་ར་ མཇུག་བསྡུ་ནི་གི་ ལས་འཆར་ཡོད་ཟེར་ ཕྱག་རྡོ་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
གསང་སྦས་ཁའི་འཐུས་མི་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་མིའི་ནང་ ས་དམར་དང་ དགའ་སྐྱིད་གླིང་ དེ་ལས་ གསང་སྦས་ཁ་བརྩིས་ཏེ་ རྒེད་འོག་གསུམ་གྱི་བར་ན་ ལམ་མཐུད་འབྲེལ་འབད་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་ཟེར་ཨིན་པས།
བློན་ཆེན་གྱིས་ ཧཱ་ལས་ བསམ་རྩེ་དང་ དམ་ཆུ་ལས་ ཧཱ་ཚུན་གྱི་ གཞུང་ལམ་རྒྱ་སྐྱེད་འབད་ནིའི་ ཁས་བླངས་འབད་དེ་ཡོདཔ་ད་ དེ་གིས་ ཧཱ་དེ་ ལྟ་བཤལ་པའི་ལྟེ་བ་ཅིག་ལུ་འགྱུར་ཏེ་ ས་གནས་ཀྱི༌མི་ཚུ་ལུ་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ དགའ་སྐྱིད་གླིང་དང་ གསང་སྦས་ཁ་མཐུད་སྦྲེལ་འབད་ནིའི་དོན་ལུ་ ཨ་མོ་ཆུ་ཟམ་རྐྱབ་ཡོདཔ་ད་ ཟམ་ལུ་བརྟེན་ མི་ཚུ་རྒྱུན་འགྲུལ་འཐབ་ཚུགས་པའི་ཁར་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ཡང་ ལྷན་ཐབས་བྱུང་ཡོད་པའི་གནས་ཚུལ།
ཚེ་རིང་གཡུ་སྒྲོན། སངས་རྒྱས་མཚོ་མོ། བདེ་ཆེན་དབང་མོ།