༉ ཐིམ་ཕུག་ ཀུན་གསལ་ཕོ་བྲང་གི་ དི་བི་ཡ་ པཱན་ཅ་ཡན་མཱན་དཱིར་ལུ་སྦེ་ ཉིན་གྲངས་༩ གི་རིང་ པུ་རན་ནམ་ ཧིན་དུའི་སྨོན་ལམ་ཆེན་མོ་ འགོ་འདྲེན་འཐབ་སར་ རྒྱལ་ཁབ་ནང་འཁོད་ལས་ དད་ཅན་༡༠,༠༠༠ དེ་ཅིག་གིས་ བཅའ་མར་གཏོགས་ནུག།
འབྲུག་གི་ཧིན་དུ་ཆོས་ཚོགས་ཀྱིས་ སྤྱི་ཟླ་༨ པའི་ཚེས་༡༠ ལས་༡༩ ཚུན་ འགོ་འདྲེན་འཐབ་མི་ སྨོན་ལམ་ཆེན་མོ་དེ་ཡང་ མི་དབང་མཆོག་དང་ མི་དབང་རྒྱལ་བཙུན་ དེ་ལས་ སྐུ་འཁོར་ཚུ་ སྐུ་ཚེ་ཞབས་པད་བརྟན་ནི་དང་ རྒྱལ་ཁབ་ནང་ ཞི་བདེ་དང་ དགའ་སྐྱིད་བྱུང་ཐབས་ལུ་ཨིན་པས།
ལས་རིམ་སྐབས་ བློན་ཆེན་དང་ ལྷན་རྒྱས་ དེ་ལས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ནིར་བ་ན་པཊི་ཆོས་ཚོགས་ལས་ ཁས་བླངས་པ་ སྐྱེས་ལོ་༢༦ ལང་མི་ རཆ་གཱ་ལེ་གིས་ བསམ་རྩེ་ ནོར་བུ་སྒང་ ཁང་དྲུང་བཞི་ལུ་ ཤི་བཱ་ལྷ་ཁང་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ འགྲུབ་ནི་ལུ་ སྨོན་ལམ་བཏབ་ཡོདཔ་ད་ ལྷ་ཁང་གསརཔ་དེ་ལུ་ མི་སྡེ་གིས་ ཧེ་མ་ལས་ར་ བསྒུགས་སྡོད་མི་ཅིག་ཨིན་ཟེར་ཨིན་པས།
ཚོང་འབྲེལ་ལས་ཁུངས་ནང་ འཕྲུལ་རིག་གི་ བཟོ་རིག་འགོ་དཔོན་སྦེ་ ཕྱག་ཞུ་མི་གིས་ རྐངམ་སྟོངམ་སྦེ་ མགྱོགས་པར་འགྱོ་ནི་ལུ་ ཁས་ལེན་འབད་ཡོདཔ་ད་ ད་རེས་ཀྱི་ཟླཝ་དེ་ དུས་བཟང་ཁྱད་པར་ཅན་ཅིག་ཨིནམ་ལས་ དེ་བཟུམ་མའི་ ལས་རིམ་སྦོམ་ཤོས་ཀྱིས་ ལྷག་པར་དུ་ ལེགས་ཤོམ་སོང་ཡི་ཟེར་ཨིན་པས།
ནིར་བ་ན་པཊི་ཆོས་ཚོགས་ལས་ ཁས་བླངས་པ་༢༥ གིས་ ནང་པའི་ཆ་རོགས་གཞན་ཚུ་ལུ་ ལས་རིམ་ནང་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
འབྲུག་གི་ཧིན་དུ་ཆོས་ཚོགས་ཀྱི་ ཁྲི་འཛིན་བགྲེསཔ་ ཨཆ་ཅུཊ་བཱན་ཌ་རི་གིས་ སླབ་མིའི་ནང་ ཐིམ་ཕུག་ལུ་ ཧུན་དུ་གི་ལྷ་ཁང་གསརཔ་ཅིག་ རྐྱབ་པའི་ཤུལ་ལས་ སྨོན་ལམ་ཆེན་མོ་རྒྱས་པར་སྦེ་ འགོ་འདྲེན་འཐབ་མི་དེ་ འགོ་དང་པ་འབདཝ་ལས་ རྒྱལ་རབས་ཅན་ཅིག་ཨིན་ཟེར་ཨིན་པས།
ལས་རིམ་དེ་ དད་ཅན་དང་ འབྲུག་གི་མི་སེར་ཚུ་གི་དོན་ལུ་ གལ་ཅན་ཅིག་ཨིནམ་ད་ ལས་རིམ་དེ་ལུ་བརྟེན་ ན་གཞོན་ཚུ་ལུ་ ཆོས་དང་འབྲེལ་བའི་ ལས་སྣ་ཚུ་ལུ་ བརྩི་མཐོང་བསྐྱེད་ཚུགས་ཟེར་ཨིན་པས།
འབྲུག་གི་ཧིན་དུ་ཆོས་ཚོགས་ཀྱི་ པན་ཌིཊ་ དི་ལི་རམ་གཱ་མི་རི་དང་ འཁྲིལ་བ་ཅིན་ སྨོན་ལམ་ཆེན་མོ་དེ་ ལམ་སྲོལ་ཧ་གོ་ནི་ ཡར་དྲག་དང་ རྒྱབ༌རྟེན༌མ༌འདྲཝ༌ཚུ༌ལས༌ མི་སྡེ་ཚུ་ གཅིག་ཁར་འཛོམས་ཞིནམ་ལས་ རང་སོའི་ལམ་ལུགས་སྲོལ་སྐོར་ལས་ བརྗེ་སོར་འབད་དེ་ གཅིག་གིས་གཅིག་ལུ་ ངལ་རངས་བསྐྱེད་ཐབས་ལུ་ཨིན་ཟེར་ཨིན་པས།
ཨ་རྟག་འབད་བ་ཅིན་ སྨོན་ལམ་ཆེན་མོ་དེ་ ཉིནམ་༣ ལས་༧ མ་གཏོགས་ འགོ་འདྲེན་འཐབ་ནི་མེདཔ་ཨིན་པས།
ད་རེས་ཀྱི་ སྨོན་ལམ་ཆེན་མོ་དེ་ གཞན་དང་མ་འདྲཝ་དང་ རྩ་ཅན་ཅིག་ཨིནམ་བཞིན་དུ་ ལྷ་དབང་ཕྱུག་དང་ ཁྱབ་འཇུག་ དེ་ལས་ ཚོགས་བདག་༣ གཅིག་སྒྲིལ་ཅིག་ཨིནམ་ད་ ལས་རིམ་དེ་ཡང་ འབྲུག་ལུ་ འགོ་དང་པ་ འགོ་འདྲེན་འཐབ་ཨིན་ཟེར་ཨིན་པས།
འབྲུག་གི་ཧིན་དུ་ཆོས་ཚོགས་དེ་ སྤྱི་ལོ་༢༠༠༩ ས་ན་ཐཱན་ ཧིན་དུ་ མ་ནཔ་དར་མ་ སར་པཌི་དར་མ་ སའི་ མ་ཏ་ དེ་ལས་ ཀི་རཊིསི་ བླམ་དང་མི་རིགས་ཚུ་ལུ་ གཞི་བཞག་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ཨིན་པས།
དི་བི་ པཱན་ཅན་མཱན་དིར་དེ་ མི་དབང་མཆོག་གི་ བཀའ་རྒྱ་དང་འཁྲིལ་ཏེ་ བཞེངས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༨ ལས་ དད་ཅན་ཚུ་གི་དོན་ལུ་ སྒོ་ཕྱེ་ཡོདཔ་ད་ ལྷ་ཁང་དེ་ཡང་ དངུལ་ཀྲམ་ས་ཡ་༦༥ བཏང་ཐོག་ལས་ རྐྱབ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།