༉ འཕྲལ་ཁམས་ཅིག་ཁར་ གསར་བཏོན་འབད་མི་ རྒྱལ་ཡོངས་ཁྲག་ནང་ ཞ་རྩི་གི་ གནས་ཚད་བརྟག་ཞིབ་སྙན་ཞུ་༢༠༢༤ ཅན་མ་དང་འཁྲིལ་བ་ཅིན་ ཨ་ལུ་སྐྱེ་ནི་ཡོད་མི་ ཨམ་སྲུ་༥ གི་གྲས་ལས་༣ འབདཝ་ད་ བརྒྱ་ཆ་༥༨.༩ ལུ་ ཁྲག་ནང་ཞ་རྩི་གི་ཚད་གཞི་དེ་ ཚད་གཞི་ལས་ལྷག་སྟེ་ཡོད་པའི་ མངོན་གསལ་བྱུང་ནུག།
ཞིབ་མཇུག་ནང་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་དང་ཨ་ལུ་ཚུ་ལུ་ ཞ་རྩི་དང་འབྲེལ་བའི་གདོང་ལེན་དེ་ ཉེན་ཁ་ཆེཝ་སྦེ་ མཐོང་ཡོདཔ་ཨིན་པས།
གསོ་བ་ལྷན་ཁག་གི་ སྨན་གཡོགཔ་ལས་ཁུངས་ལས་ མཁས་མཆོག་ཞིབ་རོགས་ ཌོག་ཊར་ཕི་ལིབ་ ཨར་བི་ལ་གིས་ སླབ་མིའི་ནང་ རྨས་སྐྱེས་དང་ ཨ་ལོ་ཚུ་གི་ མི་ཚེ་འགོ་བཙུགས་པའི་སྐབས་ ཁོང་གི་གཟུགས་ཁ་ལུ་ དཀར་རྫས་དང་རྫས་སྦྱོར་གྱི་ འཚོ་བཅུད་ཆུང་བ་ཚུ་ མངམ་སྦེ་དགོ་ཟེར་ཨིན་མས།
གལ་གནད་ཅན་གྱི་ དུས་ཚོད་ནང་ ཀླདཔ་ཡར་སྐྱེད་འགྱོ་བའི་བསྒང་ཡོད་མིའི་ནང་ ཞ་རྩི་དེ་ འཇམ་ཏོང་ཏོ་སྦེ་ འཛུལ་ཚུགས་དོ་ཡོདཔ་ལས་ དེ་གིས་ རིག་པ་དང་ སྤྱོད་ལམ་གྱི་གནད་དོན་ དེ་ལས་ ཤེས་ཡོན་གྱི་ གྲུབ་འབྲས་ཚུ་ མར་ཕབ་འགྱོ་དོ་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལ་བ་ཅིན་ ཨ་ལོ་སྐྱེ་ནི་མེད་མི་ ཨམ་སྲུ་དང་ཕྱདཔ་ད་ བཞི་དང་ལྔ་ལྟབ་སྦེ་ ཨ་ལུ་ཚ་ལུ་ ཞ་རྩི་ཐོབ་དོ་ཡོདཔ་ཨིན་པས།
མ་གཞི་ ཁྲག་དང་ ཀླདཔ་གི་དང་འབྲེལ་བའི་ དཀའ་ངལ་དེ་ ལོ་༥ གི་ཤུལ་ལས་ བཀག་ཐབས་འབད་ཚུགས་རུང་ རྩ་རྒྱས་དང་ རུ་ཏོ་ཚུ་ནང་ བསྡུ་བསྒྱོམ་འབད་དེ་ སྡོད་དོ་ཡོདཔ་ཨིན་པས།
ཌོག་ཊར་ཕི་ལིབ་ ཨར་བི་ལ་གིས་ སླབ་མིའི་ནང་ ཞ་རྩི་ཚུ་ ཁྲག་དང་ རྩ་རྒྱུས་ཀྱི་ ཚེ་ཚད་དེ་ ཉིན་གྲངས་༣༠ རྐྱངམ་གཅིག་ཨིནམ་ད་ གལ་སྲིད་ ངོ་རྐྱང་ཅིག་གིས་ ཞ་རྩི་ཁ་སྐོང་མ་ཐོབ་པ་ཅིན་ ཞ་རྩིའི་ཁྲག་གི་ ཚད་གཞི་དེ་ ཉིན་གྲངས་༣༠ འི་ནང་འཁོད་ལུ་ ཕྱེད་ཀ་དེ་ཅིག་ མར་འབབ་འགྱོ་འོང་ཟེར་ཨིན་པས།
ཨ་ལོ་སྐྱེ་ནི་ཡོད་མི་དང་ ཨོམ་བྱིན་མི་ཨམ་སྲུ་ཚུ་ལུ་ ཨ་ལུའི་ཡར་སྐྱེད་དང་ ཨོམ་ཐོན་སྐྱེད་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ འཚོ་བཅུད་ཆུང་བ་ཚུ་ ཡར་སེང་འབད་དགོཔ་ལས་ གནས་སྟངས་ཚུ་ལུ་བརྟེན་ ཞ་རྩི་འཐོབ་ནི་ལུ་ ཉེན་ཁ་སྦོམ་ཡོདཔ་ཨིན་པས།
ཨམ་སྲུ་དེ་ཚུ་ ཧེ་མ་ལས་ ཞ་རྩི་ཐོབ་སྟེ་ཡོད་པ་ཅིན་ ཨ་ལོ་ཆགས་པའི་སྐབས་ ཞ་རྩི་དེ་ ལོག་འཐོན་ནིའི་ཉེན་ཁ་ཡོདཔ་བཞིན་དུ་ ཨ་ལོ་སྦོམ་ཐལ་ནི་ཡང་ དཀའ་ངལ་འབྱུང་ནི་ཨིན་པས།
ཞ་རྩི་དེ་ བཀག་ཐབས་འབད་ཚུགས་ནི་ཨིནམ་ད་ ཞག་རྩི་ཚུ་ ཨ་ལུ་དང་ བུམོ་ཚུ་ལུ་ མང་སུ་ཅིག་ འཐོན་དོ་ཡོདཔ་ལས་ཨིན་པས།
ཨིན་རུང་ ཞ་རྩི་ཚུ་ ཨོམ་ལས་འཐོབ་ནིའི་ཉེན་ཁ་མེདཔ་ལས་ ཨམ་སྲུ་ཚུ་ལུ་ ཨོམ་བྱིན་ནི་དེ་ བཀག་ཆ་འབད་མ་དགོཔ་སྦེ་ སླབ་སྟེ་ཡོདཔ་ད་ ན་གཞོན་ཨ་ལོ་ཚུ་ ཨོམ་བྱིན་ནི་དེ་ ཉེན་སྲུང་དང་ལྡནམ་ཅིག་ཨིན་པས།
ཌོག་ཊར་ཕི་ལིབ་ ཨར་བི་ལ་གིས་ སླབ་མིའི་ནང་ གདམ་སྦྱིས་ཐོག་ལས་ ཨོམ་བྱིན་མི་ལུ་ ཉེན་ཁ་ཡོདཔ་བཞིན་དུ་ ཨ་ལུ་སྦོམ་ཐལ་ནི་དང་ ན་ནི་གི་ ཉེན་ཁ་ཡོདཔ་ཨིན་པས།
ཨ་ལུ་ཆགས་པའི་སྐབས་ ཨོམ་བྱིན་མི་ནམ་དུས་ལུ་ ཌོག་ཊར་ཕི་ལིབ་ ཨར་བི་ལ་གིས་ སླབ་མིའི་ནང་ སྣུམ་འཁོར་བཅོ་ཁང་དང་ ལྕགས་བཟོ་ཚོང་ཁང་ དེ་ལས་ ཞ་རྩི་འཐོན་སའི་ས་ཁོངས་ཚུ་ནང་ སྡོད་ནི་ལས་ འཛེམ་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྫས་སྦྱོར་དང་ དཀར་རྫས་ དེ་ལས་ བི་ཊ་མིན་སི་ཚུ་ མང་སུ་སྦེ་ཡོད་པའི་ གསོ་བའི་ཟས་བཅུད་ཚུ་ གཙོ་རིམ་བཟུང་དགོཔ་མ་ཚད་ བཞེས་སྒོ་མ་བཟའ་བའི་ཧེ་མར་ ལགཔ་འཁྱུ་ནི་ལ་སོགས་པ་ཚུ་ འབད་དགོ་ཟེར་ཨིན་པས།
འབྲུག་ལུ་ ཞ་རྩི་འཐོབ་ནི་དེ་ དཀའ་ངལ་ཅན་ཅིག་ཨིནམ་ད་ མི་སེར་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་ནིའི་དོན་ལུ་ དུས་ཚོད་དང་ འཐོན་ཁུངས་ཚུ་ དགོཔ་འདུག་ཡོདཔ་ད་ མི་སྡེའི་གནས་སྟངས་ཚུ་ བསྒྱུར་བཅོས་འབད་ནི་ལུ་ ལཱ་ཁག་ཡོདཔ་མ་ཚད་ ཏམ་ཁུ་འཐུང་མི་དང་ ཆང་འཐུང་མི་ཚུ་ གཟུགས་ཁམས་ལུ་ གནོད་པ་ཡོདཔ་སྦེ་ཤེས་རུང་ འཕྲོ་མཐུད་དེ་ར་ འཐུངམ་མས་ཟེར་ ཌོག་ཊར་ཕི་ལིབ་ ཨར་བི་ལ་གིས་ བཤད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།