༉ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་འཁྲིལ་བ་ཅིན་ ཨ་ལོ་༣ པམ་གི་ སྐྱེས་འཐུས་དེ་ གཞུང་གིས་ དུས་ཅི་གི་ལོའི་ ནང་འཁོད་ལུ་ར་ འགོ་འབྱེད་འབད་ནི་ཨིན་པས།
དེ་ཡང་ ཨ་ལོ་༣ པམ་སྐྱེས་མི་ ཨའི་ཚུ་ལུ་ ཟླ་རིམ་བཞིན་དུ་ འཐུས་དངུལ་ཀྲམ་༡༠,༠༠༠དེ་རེ་ སྐྱེས་ལོ་༣ མ་ལང་ཚུན་ བྱིན་ནི་ཨིན་པས།
ཨ་ལོ་༣ པམ་ལུ་ སྐྱེས་འཐུས་བྱིན་ནི་གི་ སྲིད་བྱུས་དེ་ཡང་ ད་རེས་ ཨ་ལོ་སྐྱེ་ནི་གི་ ཚད་གཞི་མར་བབས་དང་ ཕྱི་ཁར་གནས་སྤོ་འགྱོ་མིའི་གྱངས་ཁ་ ཡར་འཕར་སོང་མི་ལུ་བརྟེན་ཨིནམ་ལས་ མི་ཚུ་ལུ་ ཨ་ལོ་མངམ་ སྐྱེ་བཅུག་ཐབས་ལུ་ཨིན་པས།
དེ་ཡང་ བཙག་འཐུའི་སྐབས་ གཞུང་གིས་ ཁས་བླངས་ལེ་ཤ་འབད་མི་གྲས་ལས་ གཙོ་ཅན་ཅིག་ཨིན་པས།
འདས་པའི་བདུན་ཕྲག་ནང་ རྒྱལ་ཡོངས་ཚོགས་འདུའི་ནང་ ངང་ལམ་གྱི་འཐུས་མི་ བླམ་དྲག་དབང་འདུས་ཀྱིས་ ཡིག་ཐོག་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ལུ་ ཨ་ལོ་༣ པམ་སྐྱེས་མི་ཚུ་ལུ་ དངུལ་རྐྱང་གི་འཐུས་བྱིན་ནིའི་དོན་ལུ་ གཞུང་གི་འཆར་གཞི་དང་ ལས་རིམ་ཚུ་ ག་ཅིག་ར་ཡོད་ག་ཟེར་ དྲི་བ་བཀོད་ནུག།
བློན་ཆེན་གྱིས་ བཀོད་མིའི་ནང་ ལས་རིམ་ལག་ལེན་འཐབ་ནིའི་དོན་ལུ་ ད་རེས་ གཞུང་གིས་ སྲིད་བྱུས་དང་ འཆར་གཞི་ དཔྱད་ཡིག་ དེ་ལས་ ཚད་གཞི་གི་ ལཱ་འབད་བའི་བསྒང་ཡོདཔ་བཞིན་དུ་ ལས་རིམ་དེ་ དུས་ཅི་ལོ་ ནང་འཁོད་ལུ་ར་ འགོ་བཙུགས་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དངུལ་རྐྱང་གི་མཐུན་རྐྱེན་དེ་ འབྲུག་གི་མི་རློབས་ཆུང་ཀུ་ཡོད་མི་དེ་ ཡུན་བརྟན་སྦེ་ གནས་ཚུགས་ནིའི་དོན་ལུ་ གལ་ཅན་ཅིག་ཨིནམ་ད་ ད་རེས་ རྒྱལ་ཁབ་ནང་ མི་རློབས་མར་བབས་འགྱོ་མི་ལུ་ ཚ་གྱང་ཅན་གྱི་ གཞི་གནད་ཅིག་ལུ་ འགྱུར་ཏེ་ཡོད་ཟེར་ཨིན་པས།
སྐྱེ་ནུས་ཚད་གཞི་ བརྒྱ་ཆ་༢.༡ དེ་ཅིག་ མར་བབས་སོང་མི་དེ་ གསར་ཚབ་ཀྱི་འོག་རྒྱུ་ལུ་ གནས་ཏེ་འདུག་ཟེར་ བློན་ཆེན་གྱིས་ བཤདཔ་ཨིན་པས།
རྒྱལ་ཁབ་ནང་ སྐྱེ་ནུས་དེ་ ཚར་གཅིག་གུ་ མར་བབས་སོང་སྟེ་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་ ཨམ་སྲུ་རེ་ལུ་ ཨ་ལོ་སྐྱེ་ནུས་༦.༦ ལས་ སྤྱི་ལོ་༢༠༢༣ ལུ་ སྐྱེ་ནུས་དེ་༡.༨༦༦ ལུ་ མར་བབས་སོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཁབ་ནང་ སྤྱི་ལོ་༡༩༩༤ ལུ་ སྐྱེ་འགོག་བརྒྱ་ཆ་༡༨.༨ ཡོད་མི་ལས་ སྤྱི་ལོ་༢༠༡༠ལུ་ བརྒྱ་ཆ་༦༥.༦ ལུ་ ཡར་འཕར་སོང་ཡོདཔ་ཨིན་པས།
འཛམ་གླིང་རྒྱལ་སྤྱི་མ་དངུལ་གྱི་ མི་རློབས་ལས་སྣའི་སྙན་ཞུ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་སྡོད་མི་ མི་རློབས་ཚུ་ སྐྱེ་ནུས་དེ་ ཨམ་སྲུ་རེ་ལུ་ བརྒྱ་ཆ་༢.༡ འོག་རྒྱུ་ཡོདཔ་ཨིན་པས།
ཁྱད་པར་དེ་ མང་ཤོས་ར་ ཤེས་ཡོན་ཡོད་མི་ ཨམ་སྲུ་ཚུ་ལུ་ཡོད་མི་དེ་ཡང་ རང་སོའི་ལཱ་གཡོག་དང་ བཟའ་ཚང་གི་འཚོ་བ་དང་ རེ་འདོད་དང་མཉམ་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ དཀའ་ངལ་སྦོམ་ཤོས་ར་ དམིགས་བསལ་དུ་ ཐོན་སྐྱེད་ཅན་གྱི་ མི་རློབས་དང་ ན་གཞོན་ ཉམས་མྱོང་ཅན་ཚུ་ ཕྱི་ཁར་འགྱོ་མི་མི་ལུ་བརྟེན་ ལྷག་པར་དུ་ ལཱ་ཁག་གཏང་དོ་ཡོདཔ་ཨིན་པས།
གལ་སྲིད་ གནད་དོན་དེ་ སེལ་ཐབས་འབད་མ་ཚུགས་པ་ཅིན་ དེ་གིས་ རྒྱལ་ཁབ་ནང་ ཚ་གྱང་དང་ དཀའ་ངལ་ཚུ་ འབྱུང་ནི་ཨིནམ་ད་ མི་རློབས་དེ་ རྒྱལ་ཁབ་དང་ ཡུན་བརྟན་དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ གལ་ཅན་ཅིག་ཨིན་ཟེར་ཨིན་པས།
ཨ་ལོ་༣ པམ་གི་ མཐུན་རྐྱེན་ལས་རིམ་དེ་ མི་རློབས་ཡུན་བརྟན་གྱི་ ཐབས་ལམ་ཅིག་ཨིན་པས།
སྐྱེ་ནུས་མར་བབས་སོང་མི་ གནད་དོན་དེ་ཡང་ ཡིག་ཚང་ནང་ ལཱ་འབད་མི་ཨམ་སྲུ་དང་ གཉེན་མ་རྐྱབ་པར་སྡོད་མི་ དེ་ལས་ རང་རྐྱང་སྦེ་ སྡོད་ནི་གི་ གདམ་ཁ་རྐྱབ་མི་ལུ་བརྟེན་ཨིན་པས།
ཀུན་གསལ་གྱིས་ འདས་པའི་དྲི་བ་དྲིས་ལན་སྐབས་ ཡིག་ཚང་གི་ ལཱ་འབད་ནི་དང་ ཨ་ལོ་བལྟ་མི་ མ་ཐོབ་པའི་དཀའ་ངལ་ལུ་བརྟེན་ ཨ་ལོ་མི་སྐྱེ་དོ་ཡོདཔ་ཨིན་པས།
ལ་ལོ་ཅིག་གིས་ སླབ་མིའི་ནང་ ཨ་ལོ་༢ ལས་ལྷག་སྟེ་སྐྱེ་བ་ཅིན་ གསོ་ནི་ལུ་ དངུལ་འབྲེལ་དང་འབྲེལ་བའི་ དཀའ་ངལ་དང་ ཨ་ལོ་གཅེས་སྐྱོང་དང་ཡར་སྐྱེས་གོང་འཕེལ་ལྟེ་བ་ཚུ་ནང་ བཙུགས་ནི་མ་ཚུགས་པའི་ གནད་དོན་ཚུ་ཡང་ བཤད་དོ་ཡོདཔ་ཨིན་པས།
ཨ་ལོ་བལྟ་མི་གི་ གླ་འཐུས་དེ་ དངུལ་ཀྲམ་༡,༥༠༠ལས་༣,༠༠༠དང་ ཆུ་ཚོད་༨ ལས་༩ ལུ་ ཞབས་ཏོག་གི་ ཟླ་རིམ་གྱི་འཐུས་ དངུལ་ཀྲམ་༢༠,༠༠༠དེ་རེ་ བྱིན་དགོཔ་ བྱུང་དོ་ཡོདཔ་ཨིན་པས།
བློན་ཆེན་གྱིས་ བཤད་མིའི་ནང་ གཞུང་གིས་ ཨ་ལོ་གཅེས་སྐྱོང་དང་ཡར་སྐྱེད་གོང་འཕེལ་གྱི་ མཐུན་རྐྱེན་ཡར་དྲག་གཏང་ཐོག་ལས་ ཞབས་ཏོག་ཐོབ་ཚུགསཔ་བཟོ་ནི་ལུ་ ཐབས་ལམ་གཞན་ཚུ་ སྟོན་དོ་ཟེར་ཨིན་པས།
རྒྱུན་བརྟན་གྱི་ ཨ་ལོ་གཅེས་སྐྱོང་དང་ཡར་སྐྱེད་གོང་འཕེལ་མཐུན་རྐྱེན་གྱིས་ ཨ་ལོ་བདག་འཛིན་འབད་མི་ཚུ་གི་ དཀའ་ངལ་སེལ་ཐབས་འབད་ནི་ཨིན་པའི་ཁར་ ཨ་ལོ་མངམ་བཟོ་ནི་ལུ་ཡང་ སེམས་ཤུགས་འཐོབ་ཚུགས་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement