༉ ཁྱེད་ཀྱིས་ གྱིབ་དམ་སྟོངམ་ཚུ་ འཕྲུལ་ཆས་རིམ་ལུགས་ནང་ བླུགས་པའི་སྐབས་སུ་ དངུལ་བཏོན་ཤོག་བྱང་ཨེ་ཊི་ཨེམ་བཟུམ་སྦེ་ དངུལ་ཀྲམ་༥ ལོག་འཐོབ་ནི་ཨིན་མི་དེ་ཡང་ ཨང་ཅན་དངུལ་བཙུགས་དང་ ལོག་སྤྲོད་རིམ་ལུགས་གསརཔ་དེ་ ད་རེས་ ངོ་མའི་ཐོག་ལུ་སྦེ་ ལག་ལེན་འཐབ་མི་ལུ་ དགའ་བ་བསྐྱེད་དགོཔ་ཨིན་པས།
ཨང་ཅན་དངུལ་བཙུགས་དང་ ལོག་སྤྲོད་རིམ་ལུགས་དེ་གིས་ ཚོང་མགྲོན་པ་ཚུ་ལུ་ ཕྱགས་སྙིགས་འབག་འོང་ཐོག་ལས་ དངུལ་ལོག་འཐོབ་ནིའི་ཁེ་ཕན་ལུ་ སེམས་ཤུགས་བྱིན་ཚུགས་པའི་ཁར་ རིམ་ལུགས་དེ་ ཡོངས་འབྲེལ་ཨིན་ཊར་ནེཊ་ཨོཕ་ཐིངསི་དང་ འཕྲུལ་ཆས་དབྱེ་ཞིབ་ཐོག་ལས་ ཕྱགས་སྙིགས་ཀྱི་རིགས་ཚུ་ ལོག་བསྐྱར་བཟོ་འབད་བཏུབ་དང་ མ་བཏུབ་ཚུ་ དབྱེ་སེལ་འབད་ནི་ཨིན་པས།
ཨོ་རྒྱན་ཚོང་འབྲེལ་དང་ རྒྱ་གར་ལས་ རི་སའི་ཀལ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ ཁ་ཙ་ འཛམ་གླིང་སྲོག་རླུང་ཉིནམ་ བརྩི་སྲུང་དང་འབྲེལ་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ཨང་ཅན་དངུལ་བཙུགས་དང་ ལོག་སྤྲོད་རིམ་ལུགས་དུ་ རི་སའི་ཀལ་གྱིས་ བཟོ་ཡོདཔ་ད་ དེ་ཡང་ རྒྱ་གར་ལུ་ ཕྱགས་སྙིགས་འཛིན་སྐྱོང་ནང་ བཅོས་རིག་ཐོག་ལས་ རྒྱུ་ཆས་ཚུ་ གྱིབ་དང་ ཤེལ་ དེ་ལས་ ལྕགས་ཚུ་ ག་ཅི་ཨིན་ན་ཕྱི་སེལ་འབད་མི་ དམིགས་བསལ་གྱི་ འཕྲུལ་རིག་ཅིག་ཨིན་པས།
རིམ་ལུགས་དེ་གིས་ པར་ཆས་དང་མཉམ་སྦྲགས་ཐོག་ ཕྱི་སེལ་དང་ དབྱེ་ཞིབ་འབད་དེ་ འོས་འབབ་ལྡན་པའི་ རྒྱུ་ཆས་ཚུ་ ངོས་ལེན་འབད་དོ་ཡོདཔ་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ དམ་སྦྱིས་དང་ ལྕགས་སྤྲིན་ཚུ་ ཀིའུ་ཨར་ཀོཌ་ཤོག་བྱང་ལག་ལེན་འཐབ་སྟེ་ ཕྱི་སེལ་རྐྱབ་དོ་ཡོདཔ་ཨིན་རུང་ མ་འོངས་པའི་ནང་ མཉེན་ཆས་ཨེབ་ཅིག་ལག་ལེན་འཐབ་ཞིནམ་ལས་ ཐད་ཀར་དུ་ ཡོངས་འབྲེལ་ནང་སྦེ་ དངུལ་ཁང་གིས་ དངུལ་ཚུ་ལོག་བྱིན་ནི་ཡོདཔ་སྦེ་ བཟོ་ནི་ཨིན་ཟེར་ཨིན་པས།
རིམ་ལུགས་དེ་གིས་ ཧོད་ཀྱི་ཤོང་ཚད་ནང་ ཕྱེད་ཀ་གང་བའི་བསྒང་ལས་ དུས་ཚོད་ཁར་ བལྟ་དགོ་པའི་ བརྡ་ལན་ཚུ་ཡང་ བྱིན་ནི་ཨིན་པས།
ཐིམ་ཕུག་ལུ་ ཕྱགས་སྙིགས་ཀྱི་གནད་དོན་ནང་ ཞིབ་འཇུག་རྒྱ་ཆེཝ་སྦེ་ར་ འབད་བའི་ཤུལ་ལུ་ ཨང་ཅན་དངུལ་བཙུགས་དང་ ལོག་སྤྲོད་རིམ་ལུགས་བཟོ་བཀོད་དོན་ལུ་ དངུལ་ཀྲམ་ས་ཡ་༢ གནས་ནི་ཨིན་པའི་ སྙན་ཞུ་ཚུ་འབད་ཡོདཔ་ཨིན་པས།
མོ་བཏབ་ཀྱི་ལས་རིམ་དེ་ སྤྱི་ཟླ་༡༠ པའི་ནང་འབད་ནི་ཨིནམ་ད་ འཕྲུལ་ཆས་ཚུ་ཡང་ འོས་འབབ་ལྡན་པའི་ས་ཁོངས་ ལྕང་ཡུལ་གླིང་ག་དང་ བརྒྱ་འཁོར་གླིང་ག་ དེ་ལས་ ཁྲོམ་ལྟེ་བ་ཚུ་ནང་འབད་ནི་ཨིན་པས།
ལམ་ལུགས་ཆུང་བའི་ཐོག་ལས་ ལྟ་རྟོག་འབད་མི་དགོཔ་ཡོདཔ་ལས་ མི་མང་དེ་ཅིག་ར་ སྤུང་འཛོམས་མ་འབད་བའི་ ས་ཁོངས་ཚུ་ནང་ བཙུགས་ནི་ཨིན་པས།
ཨང་ཅན་དངུལ་བཙུགས་དང་ ལོག་སྤྲོད་རིམ་ལུགས་གྲོས་སྟོན་པའི་ གཙོ་འཛིན་འགོ་དཔོན་ སངས་རྒྱས་རྡོ་རྗེ་གིས་ བཤད་མིའི་ནང་ ཕྱགས་སྙིགས་བླུགས་མཛོད་ཡོད་མི་དང་ཕྱདཔ་ད་ ཨང་ཅན་དངུལ་བཙུགས་དང་ ལོག་སྤྲོད་རིམ་ལུགས་དེ་གིས་ ཕྱགས་སྙིགས་བསྡུ་ལེན་འབད་མ་དགོ་པར་ ངོ་རྐྱང་ཚུ་གིས་ ཕྱགས་སྙིགས་བསྐྱར་བཟོ་ནང་བླུགས་ཏེ་ དངུལ་རྐྱང་གསོལ་རས་ལེན་ཚུགས་ཟེར་ཨིན་པས།
གལ་སྲིད་ ཁྱེད་ཀྱིས་ ས་ཁོངས་དེ་ནང་མ་བླུགས་པར་ ས་གནས་ཚུ་ནང་བཞགཔ་འདྲཝ་འབད་བ་ཅིན་ མི་གཞན་མི་གིས་ ཕྱགས་སྙིགས་དེ་གིས་ རིན་ཐོབ་ཨིནམ་ཤེས་ཏེ་ འཐུ་འབག་སོང་ཞིནམ་ལས་ རིན་དངུལ་ཚུ་ ལེན་འབག་འགྱོ་འོང་ཟེར་ ཁོ་གིས་བཤདཔ་ཨིན་པས།
ཨོ་རྒྱན་ཚོང་འབྲེལ་གྱི་ཁྲི་འཛིན་ ཨོ་རྒྱན་ནོར་བུ་འཇམ་དབྱངས་ཀྱིས་ བཤད་མིའི་ནང་ རིམ་ལུགས་འདི་ལུ་བརྟེན་ ངོ་རྐྱང་ཚུ་ རང་སོའི་འགན་ཁུར་འབག་སྟེ་ ཧེ་མ་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ལུ་བརྟེན་སྡོད་མི་དེ་ ད་ལྟོ་ རང་གིས་བསྐྱར་བཟོ་ནང་བླུགས་ནི་གི་ ལཱ་འབད་འོང་ཟེར་ཨིན་པས།
ཅ་ཆས་ཚུ་ ག་ར་བཙུགས་ཚར་བའི་བསྒང་ལས་ གྱིབ་དམ་དང་ ལྕགས་སྤྲིན་གྱི་གོང་ཚད་ ཡར་སེང་འགྱོ་འོང་ཟེར་ཨིནམ་ད་ དཔེ་འབད་བ་ཅིན་ ཆུ་དམ་སྦྱིས་གང་ལུ་ དངུལ་ཀྲམ་༡༥ ལུ་ ཡར་སེང་འགྱོ་ནི་ཨིན་རུང་ གྱིབ་དམ་སྟོངམ་དེ་ རིམ་ལུགས་ནང་བཙུགསཔ་ད་ དངུལ་ཀྲམ་༥ ལོག་འཐོབ་ནི་ཨིན་པས།
སངས་རྒྱས་རྡོ་རྗེ་གིས་ བཤད་མིའི་ནང་ ཐོན་སྐྱེད་ཀྱི་གོང་ཚད་ནང་ ཧོད་སྟོངམ་གི་གོང་ཚད་ཡང་ མཉམ་སྡེབ་འབད་ནི་ཨིནམ་ད་ དེ་གིས་ ཕྱགས་སྙིགས་ཚུ་ འཛིན་སྐྱོང་ཐོག་ལས་ ལོག་དངུལ་ལེན་ཚུགས་ནི་ཨིན་ཟེར་ཨིན་པས།
མ་འོངས་པའི་ནང་ འདི་བ་ཡང་དྲགཔ་སྦེ་ རིམ་ལུགས་དེ་གི་ཐོག་ལས་ ལཱ་འབད་ནིའི་རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement