༉ མོང་སྒར་ ན་དང་ཟོར་ལུ་ རྒྱལ་བཙུན་རྗེ་བཙུན་པདྨ་ཨའི་དང་ཨ་ལུའི་སྨན་ཁང་དེ་ དེང་སང་གསོ་བའི་ མཐུན་རྐྱེན་ཐོག་ལས་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་དེ་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༢༧ ལུ་ མཇུག་བསྡུ་ནིའི་གནས་སྟངས་ནང་ ལྷོད་ཡོདཔ་ཨིན་པས།
ད་རེས་ བཟོ་སྐྲུན་གྱི་ལཱ་ བརྒྱ་ཆ་༨༠ མཇུག་བསྡུ་ཡོདཔ་ད་ ཉལ་ཁྲི་༦༥ འབད་མི་སྨན་ཁང་གིས་ ཤར་ཕྱོགས་རྫོང་ཁག་༦ གི་ ཨའི་དང་ཨ་ལུ་ཚུ་གིས་ དམིགས་བསལ་གྱི་ཞབས་ཏོག་ཚུ་ འཐོབ་ཚུགས་ནི་ཨིནམ་མ་ཚད་ ལུང་ཕྱོགས་གསོ་བའི་གཞི་རྟེན་དང་འབྲེལ་བའི་ དཀའ་ངལ་ཚུ་ཡང་ སེལ་ཐབས་འབད་ཚུགས་ནི་ཨིན་པས།
སྨན་ཁང་གི་བཟོ་སྐྲུན་དེ་ཡང་ སྤྱི་ལོ་༢༠༢༡ ཟླ་༡༢ པའི་ཚེས་༢༠ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ངང་ལམ་ལས་ རྩི་ས་བཀྲམ་སྤེལ་དང་ འཐུང་ཆུ་གི་དཀའ་ངལ་ དེ་ལས་ ཀུར་རི་-གོང་རི་ཟམ་ཚར་༢ དེ་རེ་ རམ་སོང་སྟེ་ ཅ་ཆས་སྐྱེལ་འདྲེན་འབད་ནིའི་ དཀའ་ངལ་ཚུ་བྱུང་རུང་ ལཱ་གི་གྲུབ་འབྲས་ཚུ་ འཆར་གཞི་དང་འཁྲིལ་ཏེ་ ལེགས་ཤོམ་སོང་ཡོདཔ་ཨིན་པས།
ལས་འགུལ་གྱི་འཛིན་སྐྱོང་པ་ རྡོ་རྗེ་རབ་བརྟན་གྱིས་ སླབ་མིའི་ནང་ ལཱ་དེ་ དུས་ཚོད་ཁར་ མཇུག་བསྡུ་ནི་དང་ མཐུན་རྐྱེན་དེ་གིས་ ཨའི་དང་ཨ་ལུ་གི་ གསོ་བའི་ཞབས་ཏོག་རྐྱངམ་གཅིག་ ལྷན་ཐབས་འབད་ནི་མེན་པར་ ལུང་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ སྨན་ཁང་གཙོ་བསྟེན་ལྟེ་བ་ཅིག་སྦེ་ ལག་ལེན་འཐབ་ཚུགས་ཟེར་ཨིན་པས།
སྨན་ཁང་རྐྱབ་ཚར་བའི་བསྒང་ལས་ སྨན་ཁང་ནང་ མི་སྡེ་གི་ གསོ་བའི་སྡེ་ཕྲན་དང་ ཨ་ལུ་ཕྱི་ནད་ལས་ཁུངས་ ཨམ་སྲུའི་མོ་ནད་ ནད་ངོས་བཟུང་ཞབས་ཏོག་ གློ་བུར་ཞབས་ཏོག་ ཨ་ལུ་སྐྱེ་ནིའི་ཞབས་ཏོག་ལ་སོགས་པ་ཚུ་ འོང་ནི་ཨིན་པས།
སྨན་ཁང་ནང་ དེ་སང་གཞི་རྟེན་ཚུ་ཡོདཔ་ལས་ ནདཔ་དང་ བཟའ་ཚང་ཚུ་གི་དོན་ལུ་ ཉེན་སྲུང་དང་ལྡནམ་སྦེ་ འོང་ནི་ཨིནམ་ད་ གསོ་བའི་ཅ་ཆས་ཚུ་འབད་རུང་ ལེགས་ཤོམ་བཙུགས་ནི་མ་ཚད་ གསོ་བའི་ལས་བྱེདཔ་ཚུ་ཡང་ ཨའི་དང་ ཨ་ལོའི་འཕྲོད་བསྟེན་ནང་ སྦྱོང་བརྡར་འབད་མི་ཚུ་ འོང་ནི་ཨིན་པས།
དགོས་མཁོ་དང་འཁྲིལ་ཏེ་ ཁང་ཚན་ཁ་སྐོང་ཚུ་ཡང་ མཉམ་སྡེབ་འབད་དེ་ཡོདཔ་ད་ མོང་སྒར་སྨན་ཁང་གི་ འགོ་འཛིན་དང་གྲོས་བསྟུན་འབད་དེ་ དགོས་མཁོ་ཅན་ག་ར་ བཙུགས་ཏེ་ཡོདཔ་བཞིན་དུ་ མཐུན་རྐྱེན་ག་ར་ མཉམ་སྡེབ་འབད་དེ་ཡོདཔ་ལས་ དཀའ་ངལ་ཚུ་ཡང་ ག་ནི་ཡང་མི་བྱུང་ཟེར་ ལས་འགུལ་འཛིན་སྐྱོང་པ་གིས་ བཤདཔ་ཨིན་པས།
ཊི་ཀུན་འཛོམས་སྒེར་སྡེའི་ ས་ཁོངས་བཟོ་རིག་འགོ་དཔོན་ ནི་ཀུཤ་ ཀུ་མར་གྱིས་ སླབ་མིའི་ནང་ ལས་འགུལ་འགོ་བཙུགས་པའི་སྐབས་ དཀལ་ངལ་དུམ་གྲ་རེ་ ཐོན་ཡོདཔ་ད་ ལཱ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་ནིའི་དོན་ལུ་ ཁ་སྐོང་ལས་མི་༡༠༥ དེ་ཅིན་ ལེན་དོ་ཟེར་ཨིན་པས།
བཟོ་སྐྲུན་གྱི་ ལཱ་དེ་ ཟླཝ་དག་པ་ཅིག་ ཕྱིས་ནི་བཟུམ་ཡོད་རུང་ དུས་ཚོད་ཁར་ མཇུག་བསྡུ་ནི་ལུ་ རྩ་འགེངས་དོ་ཟེར་ ནི་ཀུཤ་ ཀུ་མར་གྱིས་ བཤདཔ་ཨིན་པས།
ལས་འགུལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༣༢༣.༧༧ ཟད་འགྲོ་བཏང་མི་དེ་ ལས་འགུལ་གྱི་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༨༢༢.༢༦ ལས་ བརྒྱ་ཆ་༣༩ གི་རྩིས་ཨིན་པས།
ལས་འགུལ་གྱི་དོན་ལུ་ འཆར་དངུལ་དེ་ཡང་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ས་ཡ་༩༣༥.༢༤ རྒྱབ་སྐྱོར་འབད་དེ་ ཡོདཔ་ཨིན་པས།
ད་རེས་ འཐུང་ཆུང་བཀྲམ་སྤེལ་དང་ འཐིང་གཞི་ ས་ཁོངས་གོང་འཕེལ་གྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ད་ ཕྱི་ཁའི་ལཱ་ཚུ་ འབད་ཚར་ཞིནམ་ལས་ རྒྱལ་སྤྱི་ཇ་པཱན་མཉམ་འབྲེལ་ལས་སྡེ་ ཇའི་ཀ་གིས་ ཅ་ཆས་ཚུ་ བཙུགས་ནི་ཨིན་པས།
ས་གནས་ཀྱི་མི་སེར་ཚུ་ སྨན་ཁང་ལུ་བརྟེན་ ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ འཐོབ་ཚུགས་པའི་ རེ་བ་བསྐྱེད་དེ་ཡོད་པའི་ཁར་ སེམས་དགའ་སྟེ་ཡོདཔ་ཨིན་པས།
ཨ་ལུའི་ཨའི་ཅིག་ཨིན་མི་ བསོད་ནམས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ སྨན་ཁང་དེ་གིས་ མི་སྡེ་ལུ་ བསྒྱུར་བཅོས་སྦོམ་སྦེ་ར་ འབག་ཚུགས་ནི་མ་ད་ སྤུས་ཚད་ལྡན་པའི་ ཨའི་དང་ཨ་ལུའི་ཞབས་ཏོག་ ཐོབ་སྤྱོད་འབད་ནི་ལུ་ ལཱ་ཁག་སྦེ་ ས་གནས་གཞན་ཁར་ འགྱོ་དགོཔ་མི་ཐོན་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མོ་ནད་མཁས་མཆོག་དེ་ ངལ་གསོ་ནང་སོང་བའི་སྐབས་ ནདཔ་ཚུ་ བཀྲིས་སྒང་སྨན་ཁང་ནང་ བཏང་དོ་ཡོདཔ་ད་ འཕྲལ་འཕྲལ་ སྨན་ཁང་ནང་འགྱོ་བའི་ལམ་ཁར་ ནད་པའི་གནས་སྟངས་དེ་ སྐྱོ་དྲགས་ཅིག་ལུ་ འགྱོཝ་མས་ཟེར་ཨིན་པས།
སྨན་ཁང་དེ་ རྐྱབ་ཚར་ཞིནམ་ལས་ ཨའི་དང་ ཨ་ལུ་ཚུ་གི་ ཚེ་སྲོག་ཚུ་ཡང་ ཉེན་སྐྱོབ་འབད་ཚུགས་ནི་མས་ཟེར་ བསོད་ནམས་ཆོས་སྒྲོན་གྱིས་ བཤདཔ་ཨིན་པས།
ལྷུན་རྩེ་ ཀུར་སྟོད་ལས་ སྐྱེས་ལོ་༤༠ ལང་མི་ བཀྲིས་དབང་མོ་གིས་ ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ སྨན་ཁང་དེ་ གསོལ་རས་སྦེ་གནང་མི་ལུ་ མི་དབང་མཆོག་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ བཤད་ཡོདཔ་ད་ སྨན་ཁང་དེ་ ལག་ལེན་འཐབ་ནི་ འགོ་བཙུགས་བའི་བསྒང་ལས་ ཐིམ་ཕུག་ལུ་ འགྱོ་མ་དགོ་བའི་ ཁེ་ཕན་འཐོབ་ཚུགས་ནི་མས་ཟེར་ཨིན་པས།
ད་ལྟོ་ཡོད་པའི་ ཐོག་ཚད་༢ འབད་མི་ མགྲོན་ཁྱིམ་དེ་ མི་སྡེ་གསོ་བའི་ཁང་ཚན་སྦེ་ ལག་ལེན་འཐབ་ནི་ཨིནམ་ད་ ཐོག་ཚད་༣ འབད་མི་ ཁང་ཚན་དང་ ཐོག་ཚད་༢ འབད་མི་ ཁང་ཚན་༢ པ་དེ་ ཨ་ལུ་དང་ སྐྱེ་གནས་ མོ་ནད་ གློ་བུར་ དེ་ལས་ ནད་ངོས་བཟུང་ལས་ཁུངས་སྦེ་ ལག་ལེན་འཐབ་ནི་ཨིན་པས།
ཐོག་ཚད་༤ འབད་མི་ ཁང་ཚན་༣ དེ་ ཕྱི་ནད་ལས་ཁུངས་དང་ གཤགས་བཅོས་དང་འབྲེལ་བའི་ ཞབས་ཏོག་ཚུ་ བྱིན་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།
ལས་འགུལ་དེ་ མཇུད་བསྡུ་ནིའི་གུ་ ལྷོད་དེ་ཡོདཔ་ལས་ སྨན་ཁང་ནང་ ནང་ཆས་དང་ ཐབ་ཚང་གི་ ཅ་ཆས་བཙུགས་ནིའི་དོན་ལུ་ གསོ་བ་ལྷན་ཁག་གིས་ རིན་བསྡུར་གསལ་བསྒྲགས་འབད་ནི་ཨིན་པས།
སྨན་ཁང་དེ་ ཧྲིལ་བུ་སྦེ་ དུས་ཅི་ སྤྱི་ཟླ་༩ པ་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ནི་དང་ ཤར་ཕྱོགས་རྫོང་ཁག་ནང་ སྐྱེ་གནས་དང་ ཨ་ལུའི་འཕྲོད་བསྟེན་ཡར་དྲག་གཏང་ནི་གི་ མདུན་སྐྱོད་ཀྱི་ གསོ་བའི་ཞབས་ཏོག་ཚུ་ བྱིན་ནི་ཨིན་པས།
རྡོ་རྗེ་རབ་བརྟན་གྱིས་ སླབ་མིའི་ནང་ སྨན་ཁང་གི་ མཐུན་རྐྱེན་དེ་ ང་བཅས་རའི་ གསོ་བའི་ཞབས་ཏོག་ལུ་ རྨང་གཞི་ཅིག་སྦེ་ འོང་ཟེར་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།