༉ སྤྱིར་བཏང་ ཁྲིམས་སྲུང་འགག་སྡེའི་ནང་ ཉེས་ལས་ཀྱི་རྩོད་གཞི་རིགས་ཚུ་ག་ར་ ཐོ་བཀོད་འབད་མི་ལྟར་དུ་འབདཝ་ད་ བརྒྱ་ཆ་༧ དེ་ཅིག་ ཡར་སེང་སོང་ཡོད་རུང་ ཨམ་སྲུ་དང་ ཨ་ལོ་དང་འབྲེལ་བའི་ཉེས་ལས་རྩོད་གཞི་དེ་ འདས་པའི་ལོ་དང་ཕྱདཔ་ད་ སྤྱི་ལོ་༢༠༢༤ གི་ཟླཝ་༨ ཀྱི་ནང་འཁོད་ བརྒྱ་ཆ་༢༤ མར་བབས་སོང་ཡོདཔ་སྦེ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ཉེས་ལས་དང་ ལག་ལེན་སྡེ་ཕྲན་ནང་ སྤྱི་ལོ་༢༠༢༣ ལུ་ ཉེས་ལས་འཐབ་པའི་གནད་དོན་ནང་ མི་གྲངས་༢,༩༡༢ ཡོད་མི་དེ་ སྤྱི་ལོ་༢༠༢༤ ལུ་ མི་གྲངས་༣,༡༡༧ འབདཝ་ད་ཉེས་ལས་འཐབ་མི་༢༠༥ ཡར་སེང་སོང་ཡོད་པའི་ སྙན་ཞུ་ནང་འཁོད་ཡོདཔ་ཨིན་པས།
ཨམ་སྲུ་དང་ ཨ་ལོ་གི་གནད་དོན་ནང་ ཉེས་ལས་འཐབ་མི་དེ་ སྤྱི་ལོ་༢༠༢༣ ལུ་༨༤༡ དང་ སྤྱི་ལོ་༢༠༢༤ ལུ་༦༤༠ འབདཝ་ད་༢༠༡ ཡར་སེང་སོང་ཡོདཔ་ལས་ དེ་ཚུ་ཁྲིམས་དོན་གྱི་ལཱ་འབད་མི་དང་ ལས་སྡེ་གཞན་ཚུ་གིས་ གནད་དོན་དེ་ཁར་ ལྷན་ཐབས་འབད་མི་ལུ་བརྟེན་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
ཨམ་སྲུ་དང་ཨ་ལོ་གི་ཉེས་ལས་དང་ འབྲེལ་བའི་གནད་དོན་ནང་ ནང་འཁོད་རྩུབ་སྤྱོད་གནད་དོན་དེ་ མཐོ་ཤོས་དང་ དེ་གི་འོག་ལས་ དབང་བཙོང་ལུས་འབྲེལ་ཚུ་ཡོདཔ་ཨིན་རུང་ ཉེས་ལས་ཀྱི་གནད་དོན་གཉིས་ཆ་ར་ སྤྱི་ལོ་༢༠༢༤ ལུ་ མར་བབས་སོང་ཡོདཔ་སྦེ་ཨིན་པས།
ཁྲིམས་སྲུང་འགག་པའི་ གནས་ཐོ་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༣ ལུ་ ནང་འཁོད་རྩུབ་སྤྱོད་ཀྱི་ ཉེས་ལས་འཐབ་མི་༥༨༨ ལས་ སྤྱི་ལོ་༢༠༢༤ ལུ་༤༦༢ ལུ་མར་བབས་སོང་ཡོདཔ་ད་ དེ་ཚུ་གི་གྲས་ལས་ ཉེས་ལས་༩༡ ཞིབ་དཔྱད་འབད་ཚར་ཡོདཔ་ད་ རྩོད་གཞི་༧༡ དེ་ ད་ལྟོ་ཞིབ་དཔྱད་འབད་བའི་བསྒང་ཡོདཔ་མ་ཚད་ རྩོད་གཞི་༣༠༠ དེ་ གནད་དོན་སོ་སོ་ལུ་བརྟེན་ ཕྱིར་བཏོན་འབད་ཡོདཔ་ཨིན་པས།
རྩོད་གཞི་དེ་ཚུ་ མང་ཤོས་ར་ གལ་གནད་ཆེ་བའི་དོན་ཚན་ཅིག་མེདཔ་ལས་ དེ་ཚུ་ཡང་ ཆང་གིས་ར་གཟི་མི་དང་ མི་སྡེ་བརྡ་བརྒྱུད་གི་ གནད་དོན་ཚུ་ཡོདཔ་སྦེ་ཨིན་པས།
སྤྱི་ལོ་༢༠༢༤ ལུ་ ཁྲིམས་སྲུང་འགག་སྡེ་གིས་ འདོད་སྤྱོད་ཀྱི་གནད་དོན་ནང་ མི་གྲངས་༨༧ ཐོ་བཀོད་འབད་ཡོདཔ་ད་ འདས་པའི་ལོ་ལུ་ མི་གྲངས་༡༤༠ ཐོ་བཀོད་འབད་ཡོདཔ་བཞིན་དུ་ དེ་ཚུ་གི་གྲས་ལས་ གནད་དོན་༥༡ དེ་ དབང་བཙོང་འདོད་སྤྱོད་འབད་མི་དང་ གནད་དོན་༣༥ དེ་ འདོད་སྤྱོད་ཀྱི་དོན་ལུ་ གཟུགས་ཁར་དཀྲོགས་མི་ཚུ་ ཡོདཔ་ཨིན་པས།
དེ་ཚུ་གི་གྲས་ཁར་ ཉམས་རྒུདཔ་མང་ཤོས་ར་ ཨམ་སྲུ་སྐྱེས་ལོ་༡༨ མན་ཆད་འབད་མི་དང་ ན་ལོན་ དེ་ལས་ ཕོ་སྐྱེས་ སྐྱེས་ལོ་༡༨ མན་ཆད་འབད་མི་ཚུ་ཡོདཔ་ཨིན་པས།
ལཱ་གཡོག་གི་ཐད་ལས་འབད་བ་ཅིན་ ཉམས་རྒུདཔ་མང་ཤོས་ར་ སློབ་ཕྲུག་ཨིནམ་ད་ དེ་གི་འོག་ལས་ ལཱ་གཡོག་མེད་མི་ དེ་ལས་ ཁྱིམ་ལཱ་འབད་མི་དང་ སོ་ནམ་པ་ཚུ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་རྩིས་དཔྱད་དང་ འཁྲིལཝ་ད་ རྩོད་གཞིའི་གནད་དོན་མང་ཤོས་ཅིག་ རང་རྐྱང་གི་འཛོལ་བ་འབད་མི་ཚུ་ཡང་ ཨ་རོགས་དགའ་རོགས་དང་ རྨགཔ་ ཉེ་ཚན་ དེ་ལས་ བཟའ་ཚང་འཐུས་མི་ཚུ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ རྩོད་གཞི་དང་ལག་ལེན་ཡིག་ཚང་གི་ གཙོ་འཛིན་འོགམ་ པ་སངས་རྡོ་རྗེ་གིས་ འདི་བཟུམ་གྱི་ གནད་དོན་ཚུ་ལུ་ རྒྱབ་སྐྱོར་ཚུ་དེ་ཅིག་ར་ མིན་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།