༉ རྒྱལ་ཁབ་ནང་ ལཱ་གཡོག་གི་ཚད་གཞི་ ཧ་ལམ་བརྒྱ་ཆ་༩༧ ཨིན་རུང་ ལཱ་གཡོག་གི་ཚོང་འབྲེལ་ནང་ དམིགས་བསལ་དུ་ ཁྲོམ་སྡེ་དང་ གྲོང་གསེབ་ས་ཁོངས་ དེ་ལས་ ཕོ་མོའི་བར་ན་ ཁྱད་པར་སྦོམ་སྦེ་ར་ ཆགས་ཏེ་ཡོདཔ་ཨིན་པས།
འཕྲལ་ཁམས་གསར་བཏོན་འབད་མི་ ལས་མིའི་བརྟག་ཞིབ་སྙན་ཞུ་(ཟླཝ་༣ རེའི་)དང་འཁྲིལཝ་ད་ དངུལ་ཕོགས་མཐོ་བའི་ ལཱ་གཡོག་ཚུ་ནང་ ཨམ་སྲུ་ཉུང་སུ་ཅིག་ལས་མེད་པའི་ཁར་ ཁོང་རའི་ ཕོ་སྐྱེས་ཆ་རོགས་དང་ཕྱདཔ་ད་ བབས་ཁུངས་ཉུང་སུ་ཨིན་པས།
ཟླཝ་༣ རེ་འབད་མི་གསུམ་པའི་ནང་ ལས་མི་ཡོངས་བསྡོམས་༣༩༡,༡༡༣ ཡོད་པའི་གྲས་ལས་ ངོ་རྐྱང་༣༧༩,༠༢༣ ལཱ་གཡོག་ནང་ཨིནམ་ད་ དེ་ཡང་ གྲོང་གསེབ་ལུང་ཕྱོགས་ཚུ་ནང་ ལཱ་གཡོག་འབད་མི་༢༥༠,༠༠༠ཡོད་མི་དང་ཕྱདཔ་ད་ ཁྲོམ་སྡེའི་ས་ཁོངས་ཚུ་ནང་༡༢༠,༠༠༠དེ་ཅིག་ལས་ མེདཔ་ཨིན་པས།
ལཱ་གཡོག་འབད་མིའི་གྲས་ལས་ ཨམ་སྲུ་༡༤༦,༥༦༠ཡོད་མི་དེ་གིས་ ཡོངས་བསྡོམས་ཨམ་སྲུའི་ལས་མི་༡༥༣,༤༧ ལས་ བརྒྱ་ཆ་༩༥.༨ གསལ་སྟོན་འབད་ཡོདཔ་ད་ ལཱ་གཡོག་འབད་མི་ ཕོ་སྐྱེས་༢༣༢,༤༦༣ ཡོད་མི་དེ་གིས་ ཡོངས་བསྡོམས་ཕོ་སྐྱེས་ཀྱི་ལས་མི་༢༣༨,༠༦༥ ལས་ བརྒྱ་ཆ་༩༧.༦ གསལ་སྟོན་འབདཝ་ཨིན་པས།
གནས་སྡུད་དང་འཁྲིལཝ་ད་ ཕོ་སྐྱེས་དང་ཕྱདཔ་ད་ ཨམ་སྲུའི་ལས་མི་༨༥,༩༠༣ གྱི་ ཁྱད་པར་ཞུགས་ཡོདཔ་ད་ སྤྱིར་བཏང་ལུ་ ལཱ་གཡོག་འབད་མི་ ཨམ་སྲུ་ཡོངས་བསྡོམས་ལས་ བརྒྱ་ཆ་༣༨.༧ རྐྱངམ་གཅིག་ཨིནམ་ད་ དེ་ཡང་ ལཱ་གཡོག་ནང་ཨིན་མི་ ཨམ་སྲུ་ངོ་རྐྱང་༣༩༧,༠༢༣ ཡོད་མི་ལས་༡༤༦,༥༦༠ཨིན་པས།
ཁྱད་པར་གཞན་ཞུགས་ཡོད་མི་དེ་ གྲོང་གསེབ་དང་ ཁྲོམ་སྡེའི་ལཱ་གཡོག་མ་འདྲཝ་ཚུ་ནང་ཨིན་པས།
དེ་ཡང་ གྲོང་གསེབ་ཚུ་ནང་འབད་བ་ཅིན་ ལཱ་གཡོག་མང་ཤོས་ར་ སོ་ནམ་དང་ ནགས་ཚལ་ དེ་ལས་ ཉ་གསོ་སྐྱོང་ཚུ་ནང་ཨིནམ་ད་ ལས་སྡེ་འདི་ཚུའི་ནང་ ལཱ་གཡོག་བརྒྱ་ཆ་༦༣.༥༢ ཨིནམ་བཞིན་དུ་ ཨམ་སྲུའི་ལས་མི་བརྒྱ་ཆ་༥༤.༦༣ ཨིནམ་ད་ ཕོ་སྐྱེས་འབད་བ་ཅིན་ བརྒྱ་ཆ་༣༦.༥༦ ལས་མེདཔ་ཨིན་པས།
འཛིན་སྐྱོང་པ་སྦེ་ ལཱ་འབད་མི་ངོ་རྐྱང་༤༠,༠༣༦ ཡོད་མི་ལས་ བརྒྱ་ཆ་༩༦.༨༦ གི་རྩིས་ ཁྲོམ་གྱི་ས་ཁོངས་ཚུ་ནང་ཡོདཔ་ད་ འདི་གི་ལྷག་ལུས་ཚུ་ གྲོང་གསེབ་ས་ཁོངས་ཚུ་ནང་ གོ་གནས་འཆང་སྟེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཁྱད་རིག་བསྡོམས་༣༠,༢༦༢ ལས་ བརྒྱ་ཆ་༡༤.༤༥ ཁྲོམ་གྱི་ས་ཁོངས་ཚུ་ནང་ཨིནམ་ད་ དེ་ཡང་ མང་ཤོས་ཕོ་སྐྱེས་ཚུ་ཨིན་པས།
ཨམ་སྲུ་མང་ཤོས་ཅིག་གིས་ ཕོ་སྐྱེས་དང་ཕྱདཔ་ད་ འཛིན་སྐྱོང་པའི་གོ་གནས་འཆང་སྟེ་ཡོདཔ་ད་ དེ་ཡང་ ཕོ་སྐྱེས་བརྒྱ་ཆ་༩.༢༧ འབད་མི་དང་ཕྱདཔ་ད་ འཛིན་སྐྱོང་པ་སྦེ་ ལཱ་འབད་མི་ཨམ་སྲུ་བརྒྱ་ཆ་༡༢.༦༡ ཡོདཔ་ཨིན་པས།
ཨིན་རུང་ ཁྱད་རིག་འགན་ཁུར་ནང་ ཕོ་སྐྱེས་བརྒྱ་ཆ་༨.༧༧ དང་ ཨམ་སྲུ་བརྒྱ་ཆ་༦.༧༤ ལས་མེད་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement