༉ དུས་ཅི་ ཨམ་སྲུ་སྡེ་ཚན་ཅིག་གིས་ ལོ་ངོ་༢༥ འཁོར་བའི་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་དེ་ འགོ་དང་པ་ཨིནམ་བཞིན་དུ་ ཤུལ་མའི་རྩེད་འགྲན་ཚུ་ནང་ དོ་འགྲན་འབད་ནིའི་ གོ་སྐབས་ལེན་མ་ཚུགསཔ་སྦེ་ རྩེད་འགྲན་འགོ་དང་པའི་ནང་ བྱང་ཕྱད་སྡེ་ཚན་གྱིས་ ཕམ་བཏང་ཡོདཔ་ཨིན་པས།
རྩེད་འགྲན་དེ་ཡང་ ལོ་བསྟར་བཞིན་དུ་ འབྲུག་རང་ལུགས་མདའ་རྩེད་ཚོགས་པ་གིས་ མི་དབང་འབྲུག་རྒྱལ་༤ པ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་ལུ་ བཀྲིས་རྗེས་སུ་དྲན་ཐབས་དང་ གུས་བཏུད་ཞུ་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྤྱི་ལོ་༡༩༩༩ ལུ་ འགོ་དང་པ་ མི་དབང་འབྲུག་རྒྱལ་བཞི་པ་ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ མི་དབང་མཆོག་ གསེར་ཁྲི་གུ་ཕེབས་ཏེ་ ལོ་ངོ་༢༥ འཁོར་བའི་དུས་སྟོན་བརྩི་སྲུང་ཞུ་ཐབས་ལུ་ འབྲུག་རང་ལུགས་མདའ་རྩེད་ཚོགས་པ་གིས་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༢ ལུ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
འབྲུག་རང་ལུགས་མདའ་རྩེད་ཚོགས་པ་ལས་ འགོ་འདྲེན་པ་ ཚེ་དབང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ གཞན་དལ་གཞི་ ཕྱི་རྒྱལ་མདའ་གཞུ་ཐོག་གི་ རྩེད་འགྲན་ཚུ་ཡང་ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་སྦེ་ འགོ་འདྲེན་འཐབ་སྲོལ་ཡོད་རུང་ ཉེན་ཁ་ཆེ་བའི་གནད་དོན་ལུ་བརྟེན་ མཐའ་བཅད་རྩེད་འགྲན་མ་གཏོགས་ འགྲན་བསྡུར་ཚུ་ འབའ་སྐྱོར་གཞན་ཚུ་ནང་སྦེ་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ ད་རེས་ཀྱི་ རྩེད་འགྲན་ནང་ སྡེ་ཚན་༡༦ གིས་ ཐོ་བཀོད་འབད་དེ་ དོ་འགྲན་འབད་མིའི་གྲས་ཁར་ ཨམ་སྲུ་སྡེ་ཚན་ཅིག་གིས་ བཅའ་མར་གཏོགས་མི་དེ་ རྒྱལ་ཁབ་ཀྱི་དོན་ལུ་ ལེགས་ཤོམ་ཨིནམ་མ་ཚད་ མ་འོངས་ན་གཞོན་དང་ ཕྱིའི་རྒྱལ་ཁབ་ཚུ་གི་དོན་ལུ་ དཔེ་སྟོན་བཟང་པོ་ཅིག་འོང་ནི་མས་ཟེར་ རྒན་ཤོས་ཚུ་གིས་ སླབ་ཨིན་པས།
འབྲུག་ཨོ་ལིམ་པིག་ཚོགས་པ་ལས་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལ་རུང་ ད་ལྟོ་ཚུན་ འབྲུག་ལུ་ མདའ་རྩེད་འགྲན་བསྡུར་འགོ་འདྲེན་འཐབ་རུང་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ ཕོ་སྐྱེས་ཚུ་གིས་མ་གཏོགས་ ཨམ་སྲུ་ཚུ་གིས་ སྡེ་ཚན་སྦེ་ བཅའ་མར་གཏོགས་མི་ མ་འཐོན་ནི་དེ་གིས་ དུས་ཅི་གི་ རྩེད་འགྲན་ནང་ ཚོགས་པ་གིས་ མ་དངུལ་གྱི་རྒྱབ་སྐྱོར་འབད་ཡོདཔ་སྦེ་ཨིན་པས།
དེ་སྦེ་ ཨམ་སྲུ་སྡེ་ཚན་ལུ་ རྒྱབ་སྐྱོར་འབད་དགོ་མི་དེ་ཡང་ མ་འོངས་པ་ལུ་ འཛམ་གླིང་རྒྱལ་སྤྱིའི་ མདའ་རྩེད་འགྲན་བསྡུར་ཚུ་ནང་ འབྲུག་ལས་ ཨམ་སྲུ་རིག་རྩལ་ཅན་དང་ ལྕོགས་གྲུབ་ཅན་ཚུ་གིས་ བཅའ་མར་གཏོགས་ཚུགས་ཐབས་ལུ་ཨིནམ་ད་ ད་ལྟོ་ཚུན་ འབྲུག་ལས་ འཛམ་གླིང་རྒྱལ་སྤྱིའི་ རྒྱལ་རྟགས་མདའ་རྩེད་འགྲན་ཚུ་ནང་ ཨམ་སྲུ་ཚུ་གིས་ དོ་འགྲན་འབད་མ་ཚུགས་པར་ ཡོད་ཟེར་ཨིན་པས།
དུས་ཅི་ ཨམ་སྲུ་སྡེ་ཚན་ཅིག་གིས་ ཧེ་མ་ལས་ རྩེད་འགྲན་འབད་མི་ ཕོ་སྐྱེས་སྡེ་ཚན་ཚུ་དང་ དོ་འགྲན་འགོ་དང་པ་འབདཝ་ད་ འབྲུག་མི་ཚུ་གིས་ ཚིག་ངན་དང་ ཁ་ཉེས་བཀལ་ནི་དེ་ རང་བཞིན་ཅིག་ཨིན་རུང་ འགྲོས་ཀྱིས་སྦེ་ གནས་སྟངས་ཡར་དྲག་འགྱོ་ནིའི་ གོ་སྐབས་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ བཅའ་མར་གཏོགས་མི་ ཨམ་སྲུ་ལ་ལོ་ཅིག་ ཧེ་མ་ལས་ར་ འབྲུག་རྒྱལ་ཡོངས་ཀྱི་ མདའ་རྩེད་ཚོགས་པའི་ནང་ མདའ་རྩེདཔ་སྦེ་ ལོ་དག་པ་ཅིག་གི་རིང་ ཕྱག་ཞུ་ཞིནམ་ལས་ ཚོང་འབྲེལ་གྱི་དོན་ལུ་ འབའ་སྐྱོར་ཐང་བཟོ་ཡོད་རུང་ ནད་ཡམས་ཀོ་བིཌ་༡༩ ལུ་བརྟེན་ མནོ་བསམ་བཏང་མི་དང་འཁྲིལ་ མནོ་དོན་འགྲུབ་མ་ཚུགས་པའི་ཤུལ་ལུ་ འབའ་སྐྱོར་ཐང་ནང་ མདའ་རྩེད་ནིའི་སྦྱང་བ་ཚུ་འབད་ཡོདཔ་སྦེ་ཨིན་པས།
མདའ་རྩེདཔ་ཨམ་སྲུ་ལ་ལོ་ཅིག་གིས་ སླབ་མིའི་ནང་ མདའ་རྐྱབ་ནི་ལུ་ སྤྲོ་བ་ཡོད་རུང་ ད་རེས་ནངས་པར་ ཨམ་སྲུ་ཚུ་གིས་ གཞན་དང་མ་འདྲཝ་ཅིག་སྦེ་ ལས་རིམ་བཟོཝ་ད་ སྤྱིར་བཏང་མི་ཚུ་གིས་ དམའ་ཕབ་འབད་ནི་དང་ ཁ་ཉེས་བཀལ་ནི་ དེ་ལས་ མི་སྡེ་དང་ གཡུས་ཕྱོགས་ ལུང་ཕྱོགས་ཚུ་ནང་ འབྱུང་བ་༤ འི་རྐྱེན་ངན་དང་ ཆར་ཆུ་དུས་སུ་མ་འབབ་ ལོ་ཕྱུགས་རྟག་ཏུ་མ་ལེགས་ ནད་གཞི་འདྲ་མིན་འཐོན་པ་ཅིན་ ཉེན་ཁ་འབག་དགོ་པའི་གནས་སྟངས་ཚུ་ནང་ ལྷོད་ཅི་ཟེར་ཨིན་པས།
ཨིན་རུང་ མི་ཚུ་གིས་ དམའ་ཕབ་འབད་རུང་ ཁ་ཉེས་བཀལ་རུང་ ཉེན་ཁ་ག་བཟུམ་ཅིག་འབག་བཅུག་རུང་ རྒྱལ་ཁབ་དང་ གཡུས་ཕྱོགས་ ལུང་ཕྱོགས་ཚུ་ནང་ འབྱུང་བ་༥ འི་རྐྱེན་ངན་མ་འབྱུང་པའི་ཁར་ ནད་གཞི་འདྲ་མིན་ཚུ་ མ་འབྱུང་པའི་ཤུལ་ ང་བཅས་ཨམ་སྲུ་ཚུ་གི་གནས་སྟངས་དེ་ ཨ་རྟག་དང་ཕྱདཔ་ད་ ལེ་ཤ་ཅིག་གིས་ དྲག་པས་ཟེར་ཨིན་པས།
དེ་སྦེ་ མདའ་རྩེད་འབད་ནི་ལུ་ སྤྲོ་བ་ཡོད་མི་ཨམ་སྲུ་ཚུ་ སྡེ་ཚན་བཟོ་ཞིནམ་ལས་ ཨམ་སྲུ་ཚུ་ནང་འཁོད་ དུམ་གྲ་རེ་རྩེད་འགྲན་འབད་བའི་ཉམས་མྱོང་དང་ རེ་ཚེས་སྐབས་ ཕོ་སྐྱེས་ཚུ་དང་གཅིག་ཁར་ རྩེད་འགྲན་འབད་ཡོདཔ་མ་གཏོགས་ ད་རེས་བཟུམ་སྦེ་ རྒྱལ་ཡོངས་ཀྱི་རྩེད་འགྲན་ཚུ་ནང་ བཅའ་མར་གཏོགས་མི་དེ་ འགོ་ཐོག་ཨིན་ཟེར་ ཨམ་སྲུ་ཚུ་གིས་ སླབ་ཨིན་པས།
གཞན་དལ་གཞི་ རྒྱལ་ཁབ་ནང་ ཨམ་སྲུ་ཚུ་གིས་ མདའ་རྩེད་མི་སྡེ་ཚན་མངམ་སྦེ་ཡོད་པ་ཅིན་ ཨམ་སྲུ་ནང་འཁོད་ རྩེད་འགྲན་ཚུ་ འགོ་འདྲེན་འཐབ་པ་ཅིན་ ལེ་ཤ་ཅིག་གིས་ སྤྲོ་བ་འཐོན་ནི་དང་ རྩེད་འགྲན་ཡང་ དོ་འགྲན་ཅན་སྦེ་ འབྱུང་ནིའི་གོ་སྐབས་ཚུ་འདུག་ཟེར་ཨིན་པས།
དུས་ཅི་ མི་དབང་འབྲུག་རྒྱལ་༤ པའི་ ཁྲི་མངའ་གསོལ་མདའ་རྩེད་འགྲན་བསྡུར་ནང་ ཕོ་སྐྱེས་སྡེ་ཚན་༡༥ དང་གཅིག་ཁར་ དོ་འགྲན་འབད་ནིའི་གོ་སྐབས་ཡོད་རུང་ རྩེད་འགྲན་དེ་ ཉིནམ་དང་པའི་ནང་ར་ ཕོ་སྐྱེས་སྡེ་ཚན་ཅིག་གིས་ ཕམ་བཏང་ཞིནམ་ལས་ ཤུལ་མའི་རྩེད་འགྲན་འབད་ནིའི་གོ་སྐབས་ ལེན་མ་ཚུགས་ཟེར་ཨིན་པས།
ཧེ་མ་ལས་ར་ ཕོ་སྐྱེས་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་དེ་ཡོད་པ་ཅིན་ ད་རིས་བ་དྲགཔ་སྦེ་ དོ་འགྲན་འབད་ཚུགས་དོ་འོང་ཟེར་ ཨིན་པས།
ལྷག་པར་དུ་ ཨམ་སྲུ་ཚུ་གིས་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་དེ་ཡང་ ཨམ་སྲུ་དག་པ་ཅིག་ལས་བརྒལ་མ་གཏོགས་ མེད་ནི་དེ་གིས་ ཕོ་སྐྱེས་ཚུ་དང་གཅིག་ཁར་ རྩེད་འགྲན་མ་འབད་བར་ བྱ་སྟབས་མེདཔ་ཨིན་པས།
ཐིམ་ཕུག་དཀར་སྦིས་སའི་ མདའ་རྩེད་ཐང་ནང་སྦེ་ སྤྱི་ཟླ་༦ པའི་ཚེས་༤ ལུ་ ཨམ་སྲུ་༡༢ འབད་མི་ སྡེ་ཚན་དེ་གིས་ བདེ་འབྱུང་སྡེ་ཚན་དང་མཉམ་ དོ་འགྲན་འབད་བའི་སྐབས་ བདེ་འབྱུང་སྡེ་ཚན་གྱིས་ སྐུགས་༢ སྦྱེལཝ་སྦྱེལ་སར་ཆོད་དེ་ ཕམ་བཏང་པའི་སྐབས་ ཨམ་སྲུ་ཚུ་གིས་ སྐུགས་ཕུད་རྡོག་གཅིག་ཡང་ འཐོབ་མ་ཚུགསཔ་ཨིན་པས།
རྩེད་འགྲན་གྱི་ མདའ་བཅད་འགྲན་བསྡུར་དེ་ ཤུལ་མའི་བདུན་ཕྲག་ནང་ ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་སྦེ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།