༉ ཨཱསི་ཊེ་ལི་ཡ་གཞུང་གིས་ རྒྱལ་སྤྱི་སློབ་ཕྲུག་སྐྱོད་ཐམ་ཀྱི་ ཞུ་ཡིག་བཙུགས་མི་ཚུ་གི་དོན་ལུ་ གསོག་འཇོག་དགོས་མཁོའི་ ལམ་ལུགས་ཅིག་ བཟོ་ཡོདཔ་ཨིན་པས།

ཁྱབ་བསྒྲགས་དེ་ཡང་ འཕྲལ་ཁམས་ཅིག་ཁར་འབད་ཡོདཔ་བཞིན་དུ་ སྤྱི་ཟླ་༥ པའི་ཚེས་༡༠ ལས་ བསྟར་སྤྱོད་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

མཐོ་རིམ་སློབ་གྲྭ་ མང་ཤོས་ཅིག་གིས་ གཡོ་སྒྱུའི་ཐོག་ལས་ སློབ་ཕྲུག་གསར་བཙུགས་ ལག་ལེན་འཐབ་མི་ལུ་ ཉེན་བརྡ་ཚུ་ཡང་ འབད་ཡོདཔ་ཨིན་པས།

བསྐྱར་ཞིབ་འབད་བའི་ སྒྲིག་གཞི་དང་འཁྲིལ་བ་ཅིན་ རྒྱལ་སྤྱི་སློབ་ཕྲུག་ཚུ་གིས་ སྐྱོད་ཐམ་གྱི་དོན་ལས་ གསོག་འཇོག་མ་དངུལ་ ཉུང་མཐའ་ཨེ་ཡུ་ཌི་༢༩,༧༡༠ དགོཔ་སྦེ་ བཟོ་ཡོདཔ་ཨིན་པས།

ད་རེས་ཀྱི་ ཡར་སེང་དེ་ཡང་ ཟླཝ་༧ གྱི་ནང་འཁོད་ལུ་ ཐེངས་༢ པ་ཨིནམ་ད་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ ཨེ་ཡུ་ཌི་༢༡,༠༤༡ ལས་༢༤,༥༠༥ ལུ་ ཡར་སེང་འབད་ཡོདཔ་ཨིན་པས།

ཨཱསི་ཊེ་ལི་ཡ་གི་ ནང་སྲིད་བློན་པོ་ ཀེ་ལེ་རི་ ཨོ་ནཱིལ་གིས་ གསལ་བསྒྲགས་འབད་མི་དང་འཁྲིལ་བ་ཅིན་ བསྒྱུར་བཅོས་དེ་ཡང་ ཨཱསི་ཊེ་ལི་ཡ་ལུ་ ཤེས་ཡོན་སྦྱང་པར་འོང་མི་ སློབ་ཕྲུག་ཚུ་གིས་ ཁོང་ར་ཆ་ཁྱབ་ ལངམ་སྦེ་རྒྱབ་སྐྱོར་འཐོབ་ནི་དང་ ལོག་སྤྱོད་འབད་ནི་ ཉེན་ཁ་ཚུ་ ཉེན་སྲུང་ངེས་བརྟན་བཟོ་ཐབས་ལུ་ ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ ཨཱསི་ཊེ་ལི་ཡ་གཞུང་གིས་ སྤྱི་ཟླ་༣ པའི་ནང་ སློབ་ཕྲུག་སྐྱོད་ཐམ་གྱི་ ཨིང་སྐད་འབྲི་ལྷག་ཤེས་ཡོན་གྱི་ སྐུགས་ཚད་དགོས་མཁོ་དེ་ཡང་ ཡར་སེང་འབད་ཡོདཔ་ཨིན་པས།

དེ་ལས་ ཨཱསི་ཊེ་ལི་ཡ་གཞུང་གིས་ ཤེས་ཡོན་སྦྱངས་ཚར་བའི་ཤུལ་ལས་ ཨཱསི་ཊེ་ལི་ཡ་ལུ་ སྡོད་ནི་གི་ སྒྲིག་གཞི་ཡང་ མེདཔ་བཟོ་ཡོདཔ་ཨིན་པས།

ཨཱསི་ཊེ་ལི་ཡ་གཞུང་གིས་ ཤེས་རིག་སྡེ་ཚན་ནང་འཁོད་ལུ་ ཁྲིམས་འགལ་ཐོག་ལས་ ཤེས་ཡོན་རྒྱབ་སྐྱོར་བྱིན་མི་༣༤ ལུ་ ཉེན་བརྡ་ཡི་གུ་བྱིན་ཐོག་ལས་ དང་ལེན་འབད་ཡོདཔ་ཨིན་པས།

ཨཱསི་ཊེ་ལི་ཡ་གི་ ནང་སྲིད་བློན་པོ་དང་འཁྲིལ་བ་ཅིན་ ཤེས་ཡོན་རྒྱབ་སྐྱོར་པ་ཚུ་ལུ་ བྱ་སྤྱོད་ལེགས་བཅོས་འབད་ནི་ལུ་ ཟླཝ་༦ གི་གོ་སྐབས་བྱིན་ཡོདཔ་ད་ གལ་སྲིད་ དང་ལེན་འབད་མ་ཚུགས་པ་ཅིན་ ལག་ཁྱེར་གྱི་ གྲུབ་འབྲས་ཆ་མེད་དང་ རྒྱལ་སྤྱི་སློབ་ཕྲུག་ཚུ་ འཛུལ་ཞུགས་འབད་ནི་ལས་ བཀག་ཆ་འབད་འོང་ཟེར་ཨིན་པས།

ཁྲིམས་ལས་འགལ་བ་ཅིན་ བཙོན་ཁྲིམས་ཡང་ ལོ་༢ ཚུན་ བཀལ་ནི་ཨིན་པས།

ཁྲིམས་མཐུན་མེན་པའི་རྒྱབ་སྐྱོར་དེ་ རྒྱལ་སྤྱི་ཤེས་ཡོན་ལས་སྡེའི་ནང་ ས་གོ་མེདཔ་ད་ དེ་བཟུམ་མའི་ བྱ་ངན་འཐབ་མི་གིས་ མི་ཚུ་ལུ་ གཡོ་སྒྱུ་དང་ ལས་སྡེ་ཚུ་གི་མིང་གཏམ་ཚུ་ལུ་ གནོད་འོང་ཟེར་ ནང་སྲིད་བློན་པོ་གིས་ བཤདཔ་ཨིན་པས།

ནད་ཡམས་ཞི་བའི་ཤུལ་ལས་ དམིགས་བསལ་དུ་ རྒྱལ་སྤྱི་སློབ་ཕྲུག་ཚུ་གི་གྱངས་ཁ་ ཡར་འཕར་དང་ ཨཱསི་ཊེ་ལི་ཡ་གི་ གཞུང་ལུ་ཡང་ དཀའ་ངལ་བྱུང་སྟེ་ཡོདཔ་བཞིན་དུ་ དེ་གིས་ རྒྱལ་ཁབ་ནང་འཁོད་ལུ་ ཁང་གླ་ཡར་སེང་སོང་སྟེ་ ཡོདཔ་ཨིན་པས།

སྙན་ཞུ་དང་འཁྲིལ་བ་ཅིན་ ཕྱི་མི་ནང་སྐྱོད་གྱངས་ཁ་ བརྒྱ་ཆ་༦༠ དེ་ཅིག་ ཡར་སེང་སོང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༣ ཟླ་༩ པའི་ཚེས་༣༠ ལུ་ རྒྱལ་སྤྱི་སློབ་ཕྲུག་གི་གྱངས་༥༤༨,༨༠༠ ལུ་ ལྷོད་ཡོདཔ་ཨིན་པས།

གནད་དོན་དེ་གི་ གདོང་ལེན་ལུ་ ཨཱསི་ཊེ་ལི་ཡ་གཞུང་གིས་ ཕྱི་མི་ནང་སྐྱོད་ཀྱི་ཐབས་ལམ་དེ་ མ་འོངས་ལོ་༢ ཀྱི་ནང་འཁོད་ལུ་ ཨཱསི་ཊེ་ལི་ཡ་གི་ ཕྱི་མི་ནང་སྐྱོད་དེ་ ཕྱེད་ཀ་བཟོ་ནི་སྦེ་ བསྐྱར་ཞིབ་འབད་ནུག།

བརྡ་བརྒྱུད་སྙན་ཞུ་དང་འཁྲིལ་བ་ཅིན་ རྒྱལ་སྤྱི་སློབ་ཕྲུག་ཚུ་གི་ ཨཱསི་ཊེ་ལི་ཡའི་ དཔལ་འབྱོར་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབད་དེ་ཡོདཔ་བཞིན་དུ་ རྩིས་ལོ་༢༠༢༢-༢༣ ལུ་ ཨེ་ཡུ་ཌི་ཐེར་འབུམ་༣༦.༤ ལྷན་ཐབས་འབད་ནུག།

ཨཱསི་ཊེ་ལི་ཡ་གི་ སློབ་ཕྲུག་སྐྱོད་ཐམ་གྱི་ ཞུ་ཡིག་བསྐྱར་ཞིབ་འབད་མི་དེ་གིས་ གནད་དོན་དེའི་ཐད་ཁར་ འབྲུག་པའི་སློབ་ཕྲུག་ཚུ་གི་དོན་ལུ་ ཕྱི་མི་ནང་སྐྱོད་སྒྲིག་གཞི་ བསྒྱུར་བཅོས་འགྱོ་མི་ཚུ་ དུས་དང་དུས་སུ་ བརྡ་དོན་ཚུ་ཐོབ་སྦེ་ སྡོད་ནི་དེ་ གལ་ཅན་ཅིག་ཨིན་པས།

སྐྱོད་ཐམ་གྱི་བྱ་སྒོའི་ནང་ ངོ་རྐྱང་ཚུ་ལུ་ ལམ་སྟོན་བྱིན་ནིའི་ནང་ གྲལ་གཏོགས་འབད་མི་ མཁས་མཆོག་ཚུ་གིས་ སྒྲིག་གཞི་དེ་ཚུ་ མ་འོངས་པའི་ཟླཝ་ཚུ་ནང་ བསྒྱུར་བཅོས་འགྱོ་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།

གཞུང་གིས་ ཕྱི་མི་ནང་སྐྱོད་གྱངས་ཁ་དེ་ ནད་ཡམས་མ་འཐོན་པའི་ ཧེ་མའི་ཚད་གཞི་ལུ་ མར་ཕབ་འབད་ཐབས་ལུ་ བསྐྱར་ཞིབ་འབད་ནིའི་ ཁས་བླངས་དང་ རིམ་བསྒྲིག་འབད་ནི་ཨིན་པས།

འདས་པའི་ལོ་ཚུ་ནང་ ཨཱསི་ཊེ་ལི་ཡ་ལུ་འགྱོ་མི་ འབྲུག་པའི་སློབ་ཕྲུག་གི་གྱངས་ཁ་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ མང་ཤོས་ར་ པཱརཐི་དང་ ནུབ་ཕྱོགས་ཨཱསི་ཊེ་ལི་ཡ་ཚུ་ནང་ ཡོདཔ་ཨིན་པས།

ཨཱསི་ཊེ་ལི་ཡ་གི་ བརྡ་བརྒྱུད་ཚུ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༢༤ ལུ་ པརཐི་མངའ་སྡེ་རྐྱངམ་གཅིག་ནང་ར་ འབྲུག་མི་སློབ་ཕྲུག་༧,༢༣༨ དེ་ཅིག་ཡོད་པའི་ སྙན་ཞུ་འབད་ནུག།

མཁས་མཆོག་ཚུ་གིས་ སྐྱོད་ཐམ་གྱི་ ཞུ་ཡིག་བཙུགས་མི་ སློབ་ཕྲུག་ཚུ་ལུ་ གལ་སྲིད་ ལོ་བསྟར་གྱི་འཐུས་ མངམ་ཡོད་པ་ཅིན་ ཤེས་ཡན་སྐྱིན་འགྲུལ་ལེ་ཤ་ཞུ་དགོཔ་སྦེ་ ལམ་སྟོན་འབད་དེ་ཡོདཔ་ཨིན་པས།

སློབ་དུས་ཀྱི་འཐུས་ཚུ་ མཐོ་རིམ་སློབ་གྲྭ་དང་འཁྲིལ་ཏེ་ འགྱོ་དོ་ཡོདཔ་ད་ མ་དངུལ་མ་ལང་པ་ཅིན་ དགོས་མཁོ་ཅན་གྱི་བདེ་སྒྲིག་དང་ འཚོ་བ་སྐྱོང་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།

ཨེ་ཡུ་ཌི་གི་ བརྗེ་སོར་ཚད་གཞི་དང་ སྐྱོད་ཐམ་སྒྲིག་གཞི་ཚུ་ བསྒྱུར་བཅོས་འགྱོ་ནིའི་ འོས་འབབ་སྦོམ་ཡོདཔ་ལས་ ཏི་རུ་ལངམ་སྦེ་བཞག་ནི་ལུ་ རྒྱུན་སྐྱོང་འཐབ་ནི་དེ་ གལ་ཅན་ཅིག་ཨིན་པས།

སྐྱོད་ཐམ་གྱི་དོན་ལུ་ ཡི་གུ་མ་བཙུགས་པའི་ཧེ་མར་ ཨེ་ཡུ་ཌི་གི་ བརྗེ་སོར་ཚད་གཞི་དེ་ བསྒྱུར་བཅོས་འགྱོ་བ་ཅིན་ ཡི་གུ་བཙུགས་མི་ཚུ་གིས་ དངུལ་འབྲེལ་གྱི་དགོས་མཁོ་ཚུ་ བསྒྲུབ་ཚུགས་ནི་དང་ མཇུག་བསྡུ་ལུ་ སྟབས་མ་བདེ་བའི་ དཀའ་ངལ་ཚུ་ཡང་ སེལ་ཐབས་འབད་ཚུགས་ནི་ཨིན་པས།

དབྱེ་ཁག་སོ་སོ་ཚུ་ནང་ མ་དངུལ་དགོས་ཡོད་མི་ཚུ་གི་ རྩིས་རྐྱབ་ཐངས་ཚུ་ཡང་ ལེགས་ཤོམ་སྦེ་ ཧ་གོ་དགོཔ་དེ་ གལ་ཅན་ཅིག་ཨིན་པས།

ཨཱསི་ཊེ་ལི་ཡ་གི་ སྒྲིག་གཞི་བསྒྱུར་བཅོས་འབད་བཞིན་ཡོད་མི་ཚུ་ ཧ་གོ་སྦེ་ སྡོད་ནི་ལུ་ འབྲུག་པའི་སློབ་ཕྲུག་ཚུ་གིས་ ཤེས་ཡོན་གྲོས་སྟོན་པ་ ཡོངས་གྲགས་ཅན་ཚུ་དང་ བསླབ་སྟོན་དང་ ལམ་སྟོན་ཚུ་ལེན་དགོཔ་ད་ ཡང་ཅིན་ སྐྱོན་ཐམ་གྱི་དོན་ལུ་ ཡི་གུ་མ་བཙུགས་པའི་ཧེ་མར་ བློ་གཏད་ཚུགས་པའི་ མི་ཚུ་ལས་ འབྲེལ་འཐབ་དགོཔ་ཨིན་པའི་གནས་ཚུལ།

 

ཨོ་རྒྱན་རྡོ་རྗེ།

 

Advertisement