བཙན་སྐྱོགས་དབང་འདུས།
༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སིཌ་ནི་དང་ ཀེན་བི་ར་ལུ་ འབྲུག་པའི་མི་སྡེ་ཚུ་དང་ མཇལ་ཕྲད་གནང་མི་དེ་གིས་ སོར་སྒྱུར་ཉམས་མྱོང་གཏིང་ཟབ་བྱུངམ་དང་འབྲེལ་ ཞབས་སར་བཅར་མི་ཚུ་ སེམས་ཁར་འཁྲུལ་སྣང་ལང་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ ཐུགས་བརྩེ་བའི་གསུང་བཤད་གནངམ་ད་ མི་ལེ་ཤ་ཅིག་ར་ མིག་ཆུ་ཤོརཝ་དང་འབྲེལ་ སེམས་ཤུགས་ཐོབ་ཡོདཔ་ད་ འབྲུག་ལུ་ ལོག་འོང་ཞིནམ་ལས་ རྒྱལ་ཁབ་གོང་འཕེལ་གཏང་ནིའི་དོན་ལུ་ ཕྱི་རྒྱལ་ལས་ཐོབ་མི་ རིག་རྩལ་དང་ ཤེས་ཡོན་ཚུ་ བརྗེ་སོར་འབད་དགོ་པའི་ བཀའ་རྒྱ་གནང་མི་དེ་ བརྡ་དོན་ནུས་ཤུགས་ཅན་ཨིན་པའི་ གསལ་སྟོན་འབད་ཡོདཔ་ཨིན་པས།
མི་དབང་མཆོག་དང་ རྒྱལ་བཙུན་ སྲས་སྲོས་ཚུ་གིས་ ཨཱསི་ཊེ་ལི་ཡ་ལུ་ གཟིགས་སྐོར་གནང་མི་དེ་ ཐེངས་དང་པ་ཨིནམ་ད་ མི་དབང་མཆོག་གིས་ སྤྱི་ཟླ་༡༠པའི་ཚེས་༡༢ ལུ་ སིཌ་ནི་ལུ་དང་ དེ་གི་ནངས་པར་ ཀེན་བི་ར་ལུ་ འབྲུག་གི་མི་སེར་ཚུ་དང་ མཇལ་ཕྲད་གནང་ཡོདཔ་མ་ཚད་ སྤྱི་ཟླ་༡༠པའི་ཚེས་༡༦ དང་༡༧ ལུ་ པཱརཐི་ལུ་ ཉིན་གྲངས་༢ ཀྱི་རིང་ མཇལ་ཕྲད་གནང་ནི་ཨིན་པས།
གལ་གནད་ཅན་གྱི་ དུས་སྐབས་འདི་ནང་ གྲལ་གཏོགས་འབད་ནིའི་དོན་ལུ་ མངའ་སྡེ་ཁག་ཚུ་ལས་ འབྲུག་མི་ཚུ་གིས་ སག་ལང་སྟེ་ འཛོམས་ཡོདཔ་མ་ཚད་ ལ་ལོ་ཅིག་གིས་ ཐ་ན་ རང་ལུགས་ཀྱི་གྱོན་ཆས་ཚུ་ འབྲུག་ལས་ བསྐྱལ་བཏང་ཟེར་སླབ་སྟེ་ གྲ་སྒྲིག་འབད་ནུག།
མི་དབང་མཆོག་དང་ སྐུ་འཁོར་ཚུ་གིས་ སྤྱི་ཟླ་༡༠པའི་ཚེས་༡༣ ལུ་ ཨཱསི་ཊེ་ལི་ཡ་ལུ་ གཟིགས་སྐོར་གནང་ནི་ཨིན་ཟེར་ གསལ་བསྒྲགས་འབདཝ་ལས་ཚུར་ སག་ལང་སྟེ་ བསྒུགས་སྡོད་ཅི་ཟེར་ ཀེན་བི་ར་ལུ་ མི་དབང་མཆོག་དང་མཇལ་ཕྲད་ཞུ་མི་ འབྲུག་མི་སྟོང་ཕྲག་ལས་བཅད་མི་ཚུ་གི་གྲས་ལས་ སྐྱེས་ལོ་༢༧ ལང་མི་ ཀུན་ལེགས་གསལ་བཟང་དབང་མོ་གིས་ སླབ་ཡོདཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ལས་བྱེདཔ་བགྲེསཔ་ཅིག་ཨིན་མི་ ཀུན་ལེགས་གསལ་བཟང་དབང་མོ་དེ་ ད་ལྟོ་ ཀེན་བི་ར་གི་ གཙུག་ལག་སློབ་སྡེ་ཅིག་ནང་ རྩིས་ཀྱི་ཁྱད་རིག་ནང་ ཤེས་ཡོན་སྦྱངམ་དང་འབྲེལ་ གཅེས་པའི་སེམས་ཅན་གསོ་སྐྱོང་ཁང་ཅིག་ནང་ ཟུར་ལཱ་འབད་དོ་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ མི་དབང་མཆོག་གིས་ དགུང་ལོ་༤༤ བཞེས་མི་ མི་དབང་མཆོག་དང་ མི་སེར་ཚུ་གི་བར་ན་ མཐུན་ལམ་སྒྲིང་སྒྲི་ཡོད་པའི་སྐོར་ལས་ གསུངས་གནང་ཡི་ཟེར་ཨིནམ་ད་ མི་དབང་མཆོག་གིས་ ཕྱི་རྒྱལ་ལུ་སྡོད་མི་ འབྲུག་མི་ཚུ་ལུ་ གདོང་ལེན་བྱུང་མི་དེ་ ངོས་ལེན་གནང་ཡོདཔ་མ་ཚད་ འབྲུག་ལུ་སྡོད་མི་ བཟའ་ཚང་ཚུ་ལུ་ རྒྱབ་སྐྱོར་འབད་ནི་གི་ བརྩོན་ཤུགས་བསྐྱེད་མི་དེ་ལུ་ཡང་ ཐུགས་བཞེད་གནང་མི་དང་བསྟུན་ ང་བཅས་ཀྱི་ ཕན་བདེ་ལུ་ བདག་འཛིན་འཐབ་གནང་ཡི་ཟེར་ཨིན་པས།
མི་དབང་མཆོག་གི་ གསུང་བཤད་དེ་གིས་ ང་དང་ གཞན་ལེ་ཤ་ཅིག་ར་ མིག་ཆུ་ཤོར་བཅུག་ཡི་ཟེར་ མོ་གིས་ སླབ་ཡོདཔ་ད་ མི་དབང་མཆོག་གིས་ དགེ་ལེགས་ཕུག་ རང་སྐྱོང་ལུང་ཕྱོགས་ཀྱི་ འཆར་སྣང་སྐོར་ལས་ གསལ་བཤད་གནང་མི་དེ་གིས་ ང་ར་ མི་སྡེ་ལུ་ དོན་སྨིན་ཅན་སྦེ་ ཕན་འདེབས་འབད་ནིའི་དོན་ལུ་ ཤུལ་མའི་ ལོ་༥ དང་༡༠གྱི་ནང་འཁོད་ འབྲུག་རྒྱལ་ཁབ་ནང་ ལོག་འགྱོ་ནི་གི་ སེམས་ཤུགས་ཐོབ་ཅི་ཟེར་ཨིན་པས།
སྐྱེས་ལོ་༢༧ ལང་མི་ ཚེ་རིང་རྒྱལ་མཚན་གྱིས་ དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་ཀྱི་སྐོར་ལས་ ན་ཧིང་ རྒྱལ་ཡོངས་དུས་ཆེན་གྱི་སྐབས་ལུ་ མི་དབང་མཆོག་གིས་ གསུང་བཤད་གནང་པའི་སྐབས་ འགོ་དང་པ་གོ་ཡོད་པའི་ དྲན་ཚོར་འབད་ཡོདཔ་ད་ མི་དབང་མཆོག་གིས་ རྒྱལ་ཡོངས་དུས་ཆེན་གྱི་སྐབས་ལུ་ དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་དེ་ ཕྱི་རྒྱལ་ལུ་སྡོད་མི་ འབྲུག་མི་ཚུ་གི་དོན་ལུ་ཨིནམ་སྦེ་ གསུངས་གནང་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།
མི་དབང་མངའ་ཞབས་མཆོག་དང་ མཇལ་ཕྲད་ཞུ་བའི་ཤུལ་ལས་ དེ་གི་གལ་གནད་ག་ཅི་ཨིན་ན་ ཧ་གོ་ཚུགས་ཡི་ཟེར་ཨིནམ་ད་ ད་ལས་ཕར་ དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་ གོང་འཕེལ་གཏང་ནི་དང་ འབྲུག་རྒྱལ་ཁབ་ ཡར་རྒྱས་གཏང་ནིའི་ནང་ ཕན་འདེབས་འབད་ནིའི་དོན་ལུ་ ཉེ་བར་མཁོ་བའི་ རིག་རྩལ་ཚུ་ ལྷབ་སྦྱང་འབད་ནི་ལུ་ ལྷག་པར་དུ་ བཙོན་ཤུགས་བསྐྱེད་ནི་ཨིན་ཟེར་ ཁོ་གིས་ སླབ་ཨིན་པས།
སྐྱེས་ལོ་༢༦ ལང་མི་ སྐལ་བཟང་ཆོས་སྒྲོན་གྱི་དོན་ལུ་ མི་དབང་མཆོག་གི་ གཟིགས་སྐོར་དེ་ ཕ་མའི་ལྟ་སྐྱོང་བཟུམ་ཅིག་སྦེ་ མཐོང་ཡོདཔ་ད་ མོ་གིས་འབད་བ་ཅིན་ མཇལ་ཕྲད་ཞུ་མི་དེ་ སེམས་ཁར་འཁྲུལ་སྣང་ཅན་དང་ སེམས་ཤུགས་བསྐྱེད་ནི་ དེ་ལས་ ཁྱིམ་ནང་གི་གནས་སྟངས་བཟུམ་ཅིག་ཨིན་པའི་ ཚོར་སྣང་བྱུང་ཡི་ཟེར་ ཨིན་པའི་གནས་ཚུལ།