༉ སྤྱི་ཟླ་༡༢ པའི་ཚེས་༢༢ ལས་འགོ་བཙུགས་ ཕྱི་རྒྱལ་ཨསི་ཊེ་ལི་ཡ་ ས་གནས་པཱརཐི་ལུ་ འབྲུག་པའི་ལས་ཚོགས་དང་ མཉམ་འབྲེལ་ཐོག་ལས་ འབྲུག་པའི་སྡེ་ཚན་མི་གྲངས་༢༠ འབད་མི་ཅིག་གིས་ འབྲུག་ཡུལ་ཟེར་མི་བརྗོད་དོན་ཐོག་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཅིག་ དུས་ཅི་ འགོ་དང་པ་ བདུན་ཕྲག་༢ ཀྱི་རིང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ཐབས་བྱུས་དེ་གི་དམིགས་ཡུལ་དེ་ གཙོ་བོ་ར་ འབྲུག་པའི་ན་གཞོན་ཚུ་ལུ་ཨིནམ་ད་ དེ་ཡང་ འབྲུག་པའི་མི་ཁུངས་ཟེར་བའི་ཚོང་སྣང་བསྐྱེད་ཐབས་དང་ འབྲུགཔ་ཟེར་བའི་ དྲན་སྣང་འབྱུང་ཐབས་ལུ་ཨིན་པས།
ལས་རིམ་དེ་ སློབ་དཔོན་བགྲེསཔ་ ཉམས་མྱོང་ཡོད་མི་ཚུ་གིས་ འགོ་ཁྲིད་ཐོག་ལས་འབད་དོ་ཡོདཔ་ད་ ལས་རིམ་དེ་གིས་ བཅའ་མར་གཏོགས་མི་ཚུ་ལུ་ གཞན་དང་མ་འདྲ་བའི་གོ་སྐབས་ འབྲུག་པའི་ལམ་སྲོལ་དང་ སྔར་སྲོལ་ རྒྱལ་རབས་ ཕན་ཚུན་འབྲེལ་མཐུན་ མི་སྡེ་ཡར་དྲག་ དེ་ལས་ རང་གི་ངོ་རྟགས་ཚུ་ ཚུད་དེ་ཡོདཔ་ཨིན་པས།
ལས་རིམ་གི་ མཉམ་འབྲེལ་པ་དང་ གཞི་འགྱམ་བཙུགས་མིའི་འཐུས་མི་ ཀུན་ལེགས་ཚེ་རིང་གིས་ བཤད་མིའི་ནང་ ལས་རིམ་དེ་ གཙོ་རིམ་ཅན་གྱི་ གནད་དོན་༤ གུ་ལུ་ གཞི་བཞག་ཐོག་ བཀོད་སྒྲིག་འབད་དེ་ཡོད་ཟེར་ཨིནམ་ད་ དེ་ཡང་ རྒྱལ་ཡོངས་སྐད་ཡིག་དང་ ལམ་སྲོལ་ འབྲུག་པའི་བརྩི་མཐོང་ རྒྱལ་རབས་ དེ་ལས་ སྒྲིག་ལམ་རྣམ་གཞག་ཚུ་ཡོདཔ་ཨིན་པས།
རྒྱལ་ཡོངས་སྐད་ཡིག་དང་ ལམ་སྲོལ་གྱི་བརྗོད་དོན་དེ་གིས་ སློབ་ཕྲུག་ཚུ་ སྔར་སྲོལ་གྱི་ཞབས་ཁྲ་དང་ རྫོང་ཁ་སྐད་སྒྱུར་འབད་ནི་ རྫོང་ཁ་སླབ་ནི་ སྲུང་གཏང་ནི་ལ་སོགས་པ་ཚུ་ དེ་གི་གྲངས་སུ་ཚུད་ནི་ཨིན་པས།
ཀུན་ལེགས་བསྟན་འཛིན་གྱིས་ བཤད་མིའི་ནང་ སློབ་ཕྲུག་ཚུ་གིས་ གཞི་རྟེན་ཡི་གུ་འབྲི་ནི་དང་ ཁ་སླབ་ནིའི་རིག་རྩལ་ དེ་ལས་ ཁ་སྐད་ཚུ་ནང་ལེགས་ཤོམ་སྦེ་ ནང་ན་འཛུལ་བའི་བསྒང་ལས་ ཁོང་གིས་ རྫོང་ཁ་ལྷབ་སྦྱང་འབད་ནི་ལུ་ དང་འདོད་དང་ སྤྲོ་བ་བསྐྱེད་ཚུགས་ནི་ཨིན་པས།
ལས་རིམ་དེ་གིས་ རྒྱལ་པོའི་བརྟན་བཞུགས་དང་ རྒྱལ་རབས་ཅན་གྱི་ལོ་རྒྱུས་ དེ་ལས་ འབྲུག་པའི་དུས་སྟོན་ཁྱད་དུ་འཕགས་པའི་སྐོར་ལས་ ཧ་གོ་ཚུགས་ནི་ཨིན་པས།
སྒྲིག་ལམ་ཆོས་གསུམ་གྱི་ སློབ་ཚན་དེ་གིས་ སློབ་ཕྲུག་ཚུ་ འབྲུག་པའི་སྔར་སྲོལ་གྱི་གྱོན་ཆས་ གོ་དང་ དཀྱི་ར་ བཀབ་ནེ་ རག་ཅུང་ དེ་ལས་ ལམ་སྲོལ་གྱི་ མར་ཆང་ཕུད་གཏོར་ཐངས་ གཞན་དང་གཞན་ཡང་ གལ་ཆེ་བའི་སྔར་སྲོལ་ཚུ་ བརྗོད་དོན་འདི་གི་གྲངས་སུ་ ཚུད་དེ་ཡོདཔ་ཨིན་པས།
མཉམ་འབྲེལ་བ་གིས་ བཤད་མིའི་ནང་ ཕམ་ཚུ་གི་ཁ་ཐུག་ལས་ དང་འདོད་ཚུ་སྦོམ་སྦེ་ར་ཡོད་ནི་དེ་གིས་ ལས་རིམ་དེ་ འབྲུག་པའི་ན་གཞོན་ཚུ་ལུ་ བརྩི་མཐོང་ཅན་གྱི་ གོ་སྐབས་ཅིག་སྦེ་ ཕྱི་རྒྱལ་ཁབ་ནང་འབད་རུང་ འབྲུག་པའི་ལམ་སྲོལ་སྐོར་ལས་ བརྩི་མཐོང་ཚུ་ བསྐྱེད་ཚུགས་ཟེར་ཨིན་པས།
ཀུན་ལེགས་བསྟན་འཛིན་གྱིས་ འབྲུག་པའི་ན་གཞོན་ཚུ་ལུ་ བརྩི་མཐོང་བསྐྱེད་ཚུགསཔ་བཟོ་དགོཔ་ད་ དམིགས་བསལ་གྱི་ འབྲུག་མི་ཕྱི་རྒྱལ་ལུ་ འཕྲོ་མཐུད་དེ་ར་ འགྱོ་དོ་ཡོདཔ་ལས་ ང་བཅས་རའི་ ལམ་སྲོལ་བཟང་པོ་ཚུ་ ས་གནས་ག་ཏེ་ར་སྡོད་རུང་ བྱང་བཅུག་ནི་མི་འོང་ཟེར་ཨིན་པས།
རྩོལ་སྒྲུབ་དང་ ཐབས་ལམ་དེ་གིས་སྦེ་ འབྲུག་པའི་སློབ་དཔོན་མཁས་མཆོག་ཡོད་མི་ཚུ་གི་ མཁས་དབང་ཚུ་ བརྗེ་སོར་འབད་ཚུགསཔ་བཟོ་ནི་དང་ ཁོང་གིས་ འབྲུག་རྒྱལ་ཁབ་ནང་ལས་ཕྱི་ཁར་འགྱོཝ་ད་ འགན་ཁུར་དེ་མཇུག་བསྡུ་དོ་བཟུམ་ཅིག་ཨིན་རུང་ ལས་རིམ་འདི་ལུ་བརྟེན་ མ་འོངས་ན་གཞོན་ཚུ་ལུ་ བརྗེ་སོར་འབད་ཚུགས་པའི་ གོ་སྐབས་ཡོད་ཟེར་ ཀུན་ལེགས་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
འགོ་འདྲེན་འཐབ་མི་གིས་ རེ་བ་ལས་འབད་བ་ཅིན་ འབྲུག་ཡུལ་གྱི་ལས་རིམ་དེ་གིས་ ཡུན་བརྟན་གྱི་འབད་རྩོལ་དང་ མ་འོངས་པའི་ནང་ ལོ་བསྟར་གྱི་དུས་སྟོན་ཅིག་སྦེ་ གཞི་བཙུགས་འབད་ཚུགས་པའི་ རེ་བ་ཨིན་ཟེར་ཨིན་པས།
ལས་རིམ་དེ་ ཀིངསི་ཊོན་སློབ་གྲྭ་ནང་ འགོ་འདྲེན་འཐབ་ནི་ཨིནམ་ད་ ལས་རིམ་དེ་ དྲོ་པའི་ཆུ་ཚོད་༩ ལས་འགོ་བཙུགས་ ཕྱི་རུའི་ཆུ་ཚོད་༥ ཚུན་ཡོདཔ་ད་ ཨསི་ཊེ་ལི་ཡ་ལུ་ ཕམ་ཚུ་ལཱ་གི་འུར་བྱེལ་ནང་འབདཝ་ལས་ ཁོང་རའི་ཨ་ལུ་ཚུ་ དྲོ་པ་ཆུ་ཚོད་༧ ལས་ ས་ཁོངས་ནང་སྐྱེལ་བཞག་ཞིནམ་ལས་ ཕྱི་རུ་ཆུ་ཚོད་༧ ཚུན་ ལྟ་རྟོག་འབད་ནི་ཡོད་ཟེར་ཨིན་པས།
ལས་ཚོགས་ཀྱི་གཙོ་འཛིན་ འཆི་མེད་རྡོ་རྗེ་གིས་ བཤད་མིའི་ནང་ ལས་རིམ་དེ་གིས་ འབྲུག་པའི་ན་གཞོན་ཚུ་ ལམ་སྲོལ་དང་ སྦྲེལ་མཐུད་འབད་ཚུགས་ཟེར་ཨིནམ་ད་ སྔར་སྲོལ་དང་ ལམ་སྲོལ་གྱི་ ཤེས་ཡོན་དང་ གོ་བ་བརྡ་སྤྲོད་ཀྱིས་ ཕྱི་རྒྱལ་ལུ་སྡོད་མི་ ན་གཞོན་ཚུ་ལུ་ གཞི་རྟེན་གྱི་དགོས་མཁོ་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ལས་རིམ་དེ་ སང་ཕོད་སྤྱི་ཟླ་༡ པའི་ཚེས་༣ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement