༉ ཐིམ་ཕུག་ལུ་སྦེ་ སྤྱི་ཟླ་༡༠ པའི་ཚེས་༢༩ ལུ་ ཨཱསི་ཊེ་ལི་ཡ་ལུ་སློབ་སྦྱོང་འབད་མི་ སློབ་ཕྲུག་བགྲེསཔ་༢༤ གིས་ གཟེངས་ཐོན་རྟགས་མ་ཐོབ་མི་ཚུ་ གྲོས་བསྡུར་འབད་ནིའི་དོན་ལུ་ ཉིནམ་༡ གི་རིང་ གྲོས་འཛོམས་འཚོགས་ཡོདཔ་ཨིན་པས།
ཨཱསི་ཊེ་ལི་ཡ་གི་ ངོས་འཛིན་རྟགས་མ་དེ་ ཨཱསི་ཊེ་ལི་ཡ་གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འབྲུག་གི་མི་སྟོབས་གོང་འཕེལ་དོན་ལུ་ རྒྱལ་སྤྱིའི་སློབ་གཉེར་བ་དང་ དུས་ཐུང་གྱི་ སློབ་སྦྱོང་འབད་མི་ཚུ་ཡོདཔ་ཨིན་པས།
གྲོས་འཛོམས་དེ་ གཙོ་བོ་ར་ སློབ་ཕྲུག་བགྲེསཔ་ཚུ་ ལོག་ལྷོད་པའི་གདོང་བསུ་ཨིནམ་ད་ ཁོང་གིས་ གྲུབ་འབྲས་མཐར་འཁྱོལ་བྱུང་མི་དང་ ཉམས་མྱོང་ཐོབ་མི་ཚུ་ བརྗེ་སོར་འབད་དོན་ལུ་ཨིན་ཟེར་ཨིན་པས།
དུས་སྟོན་དེ་གིས་ འབྲུག་ཨཱསི་ཊེ་ལི་ཡ་སློབ་གཉེར་ལས་ཚོགས་དང་ ཨམ་སྲུའི་འགོ་ཁྲིད་ཡོངས་འབྲེལ་ཐོག་ གོ་སྐབས་དང་ ལས་རིམ་ཚུ་ གསལ་སྟོན་འབད་ཡོདཔ་ཨིན་པས།
འབྲུག་གཞུང་ལས་ འཐུས་མི་ཚུ་གིས་ འབྲུག་གི་འཆར་སྣང་སྐོར་ལས་ འབྲུག་གི་གོང་འཕེལ་དམིགས་ཡུལ་དང་ དམིགས་གཏད་ ཐབས་བྱུས་ དེ་ལས་ སྦྲེལ་མཐུད་ཚུ་ འཆར་གཞི་༡༣ པའི་ནང་ ལྷན་གྲོགས་འབད་ཚུགས་ཟེར་ཨིན་པས།
འབྲུག་ལུ་ ཨཱསི་ཊེ་ལི་ཡ་གི་གཞུང་ཚབ་ ཕི་ལིཔ་གི་རིན་ཨོ་ཨེ་ཨེམ་གྱིས་ བཤད་མའི་ནང་ འབྲུག་དང་ ཨསི་ཊེ་ལ་ཡ་གཉིས་ཀྱི་བར་ན་ མཐུན་ལམ་དམ་ཟབ་ཡོད་ཟེར་ཨིནམ་ད་ དེ་ཡང་ ད་རེས་འཕྲལ་ཁམས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཨཱསི་ཊེ་ལི་ཡ་ལུ་ གཟིགས་སྐོར་ལུ་བྱོན་པའི་སྐབས་ གནས་་སྟངས་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ ཧ་གོ་ཚུགས་པས་ཟེར་ཨིན་པས།
སློབ་གཉེར་གྲོགས་རམ་ལས་རིམ་གྱི་ཐོག་ལས་འབད་བ་ཅིན་ གཞུང་ཚབ་ཀྱིས་ བཤད་མིའི་ནང་ སྤྱི་ལོ་༡༩༦༠ ལས་འགོ་བཙུགས་ འབྲུག་མི་ཚུ་ ཨཱསི་ཊེ་ལི་ཡ་ལུ་ འགྱོ་ནི་འགོ་བཙུགས་ཡོད་མི་ཚུ་ཡང་ ས་གནས་པཱརཐ་དང་ ཀེན་བི་ར་ དེ་ལས་ སིཌ་ནི་ཚུ་ནང་ཨིནམ་ད་ དེ་ཁར་ གལ་ཆེ་ཤོས་ར་ མི་སྟོབས་གོང་འཕེལ་ལུ་ ཕན་ཐོགས་སྦོམ་ར་བྱུང་ཡོདཔ་ཨིན་པས།
ཕི་ལིཔ་གི་རིན་གྱིས་ བཤད་མིའི་ནང་ ཨཱསི་ཊེ་ལི་ཡ་གི་གཙུག་ལག་ཚུ་ རྒྱལ་སྤྱིའི་ནང་ ངོས་འཛིན་ཡོད་མི་ཅིག་འབདཝ་ལས་ མི་སྟོབས་གོང་འཕེལ་ནང་ སྦྱོང་བརྡར་བྱིན་ནི་ལུ་ ཁག་ཆེཝ་སྦེ་ཡོདཔ་བཞིན་དུ་ དེ་གིས་ འབྲུག་གི་གོང་འཕེལ་ལུ་ ལྷན་གྲོགས་འབད་ཚུགསཔ་ད་ ང་བཅས་ཀྱིས་ ཕན་ཚུན་གྱི་ཟུང་ཕྱོགས་མཐུན་ལམ་ཐོག་ལས་ སློབ་གཉེར་གྲོགས་རམ་ཚུ་ བྱིན་པའི་ཁར་ གོང་འཕེལ་འཆར་གཞི་ཚུ་ནང་ཡང་ རྒྱབ་སྐྱོར་འབད་ནི་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་ཕྲུག་ཚུ་གིས་ ལྷབ་སྦྱང་འབད་བའི་ཤུལ་ལུ་ ལོག་རྒྱལ་ཁབ་ནང་འོང་སྟེ་ རིག་རྩལ་ཚུ་ གཡོག་བཀོལ་ནིའི་འགན་ཁུར་འབག་དགོ་པའི་ཁར་ ད་ལྟོ་ འབྲུག་པའི་སློབ་ཕྲུག་ལེ་ཤ་ཅིག་ར་ ཨསི་ཊེ་ལི་ཡ་ལུ་ སློབ་སྦྱོང་འབད་བའི་བསྒང་ཡོད་ཟེར་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལྷན་འཛིན་བཱ་རུ་རམ་ཤེར་པ་གིས་ འབྲུག་པའི་སློབ་ཕྲུག་ཚུ་ ཨཱསི་ཊེ་ལི་ཡ་ལུ་ སློབ་སྦྱོང་འབད་མི་དེ་ གལ་ཅན་ཅིག་ཨིན་པའི་སྐོར་ལས་ བཤད་པའི་ཁར་ སློབ་ཕྲུག་ཚུ་གིས་ ཡོན་ཏན་ལྷབ་སྦྱང་འབད་དེ་ གོང་འཕེལ་གྱི་ལས་སྣ་ཚུ་ནང་ ཁེ་ཕན་ཚུ་སྦོམ་སྦེ་ར་ འབྱུང་ཚུགས་པའི་ འོས་འབབ་ཡོད་ཟེར་ཨིན་པས།
ལྷན་འཛིན་བཱ་རུ་རམ་ཤེར་པ་གིས་ བཤད་མིའི་ནང་ སློབ་ཕྲུག་བགྲེསཔ་ཚུ་གིས་ ད་རེས་ རྒྱལ་ཁབ་ནང་ དགོས་མཁོ་སྦོམ་ཐོན་པའི་ནམ་དུས་ལུ་ ལོག་འོང་མི་གིས་ རྒྱལ་ཁབ་ལུ་ དུམ་གྲ་ཅིག་ ལྷོད་ཡངས་བཟོ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨཱསི་ཊེ་ལི་ཡ་གི་ ངོས་འཛིན་རྟགས་མ་དེ་གིས་ མི་ཁུངས་ཚུ་ལུ་ ཕན་ཚུན་གྱི་ཆ་རོགས་དང་ ནང་འཁོད་ཡར་འཕེལ་ དེ་ལས་ གནས་ཚད་ཚུ་ རྒྱུན་འབྲེལ་འབད་ཚུགས་ཟེར་ཨིན་པས།
སློབ་ཕྲུག་ལ་ལོ་ཅིག་གིས་ བཤད་མིའི་ནང་ གཞི་སྒྱུར་དང་ གནས་སོར་གྱི་ གནད་དོན་ལུ་བརྟེན་ རང་སོའི་ལྷན་ཁག་ཚུ་ནང་ ལོག་འཛུལ་མི་ཚུགས་པས་ཟེར་ཨིནམ་ད་ ལྷན་ཁག་ལ་ལུ་ཅིག་ ཁོང་གིས་ མནོ་བསམ་ར་མ་བཏང་མི་ཚུ་ནང་ འགྱོ་དགོཔ་ཐོནམ་མས་ཟེར་ཨིན་པས།
ལ་ལུ་ཅིག་གིས་འབད་བ་ཅིན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ སྲིད་བྱུས་ལུ་ སེམས་དང་མ་ལྡན་མི་དེ་ཡང་ སྲིད་བྱུས་ལུ་བརྟེན་ ཁོང་གི་ཉམས་མྱོང་དང་ ཁྱད་རིག་ཚུ་ བཏོན་མི་ཚུགས་པས་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།