༉ ཨཱསི་ཏེ་ལི་ཡ་ལུ་སྡོད་མི་ འབྲུག་མི་སྡེ་ཚན་ཅིག་གིས་ ཨཱསི་ཏེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་ལུ་ གདོང་ལེན་བྱུང་མི་ཚུ་ སེལ་ཐབས་འབད་ནིའི་དོན་ལས་ མི་སྡེ་གིས་ འགོ་འདྲེན་འཐབ་མི་ འབྲུག་རྒྱབ་སྐྱོར་ཡོངས་འབྲེལ་ འགོ་བཙུགས་ཡོདཔ་ཨིན་པས།
ཁས་བླངས་པ་སྡེ་ཚན་ཆུང་ཀུ་ཅིག་གིས་ འགོ་འདྲེན་འཐབ་མི་ འབྲུག་རྒྱབ་སྐྱོར་ཡོངས་འབྲེལ་དེ་གིས་ དངུལ་འབྲེལ་འཛིན་སྐྱོང་དང་ སེམས་ཁམས་འཕྲོད་བསྟེན་རྒྱབ་སྐྱོར་ དེ་ལས་ གནས་སྤོ་ལམ་ལུགས་བཟུམ་གྱི་ ས་ཁོངས་ཚུ་ནང་ གློ་བུར་གྲོགས་རམ་དང་ ཡུན་རིང་གི་ཐབས་ལམ་ཚུ་ བྱིན་ཚུགས་ཨིན་པས།
ལས་རིམ་མཉམ་འབྲེལ་བ་ཚུ་གིས་ སླབ་མིའི་ནང་ འབྲུག་མི་རེ་རེ་བཞིན་དུ་ མི་སྡེའི་ནང་ བརྩི་མཐོང་དང་ དབང་ཚད་འཐོབ་ཚུགསཔ་སྦེ་ བཟོ་ཚུགས་ཟེར་ཨིན་པས།
ཨཱསི་ཏེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་ དངུལ་འབྲེལ་གྱི་དཀའ་ངལ་དང་ སེམས་ཁམས་ཀྱི་དཀའ་ངལ་ དེ་ལས་ ཨཱསི་ཏེ་ལི་ཡ་གི་ ནང་སྐྱོད་ལམ་ལུགས་རྙོགས་དྲགས་ལ་སོགས་པའི་ གདོང་ལེན་སྣ་ཚོགས་ བྱུང་དོ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ བསྒྱུར་བཅོས་འབད་མི་ སྐྱོད་ཐམ་སྲིད་བྱུས་དེ་གིས་ དམིགས་བསལ་དུ་ སྐྱེས་ལོ་༣༥ ལས་བརྒལ་མི་ཚུ་གི་དོན་ལུ་ དཀའ་ངལ་བྱུང་སྟེ་ཡོདཔ་ད་ བསྐྱར་ཞིབ་འབད་མི་ སྐྱོད་ཐམ་ཁྲིམས་ལུགས་དང་འཁྲིལ་བ་ཅིན་ སྐྱེས་ལོ་༣༥ ལས་བརྒལ་མི་ཚུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་གི་ སྐྱོད་ཐམ་ལུ་ བསྒྱུར་བཅོས་འབད་མི་ཆོག་ནི་ཨིནམ་ལས་ སློབ་ཕྲུག་གི་ སྐྱོད་ཐམ་དུས་ཡུན་ཚང་བའི་ཤུལ་ལུ་ ཁོང་མང་ཤོས་ཅིག་ ཉེན་ཁ་ཅན་གྱི་ གནས་སྟངས་ནང་ལུས་ནི་ཨིན་པས།
བསྒྱུར་བཅོས་དེ་གིས་ ཨཱསི་ཏེ་ལི་ཡ་ལུ་ ལོ་མང་རབས་ཅིག་གི་རིང་ དཀའཝ་སྤྱད་མི་དང་ རྒྱུ་དངོས་མང་རབས་ཅིག་བཏང་མི་ འབྲུག་པའི་གནས་སྤོ་མི་ཚུ་ལུ་ ཐོ་སྦོམ་སྦེ་ར་ ཕོག་སྟེ་ཡོདཔ་ད་ དེ་ཡང་ གནས་ཡུན་རིངམོ་སྦེ་ སྡོད་ནི་གི་ ཐབས་ལམ་གསལ་ཏོག་ཏོ་ཅིག་ མེད་ནི་དེ་གིས་ཨིན་པས།
གནད་དོན་འདི་ཚུ་གིས་ མི་ལེ་ཤ་ཅིག་ལུ་ རེ་བ་མེདཔ་བཟོ་ཡོདཔ་ད་ ལ་ལུ་ཅིག་གིས་ འདས་པའི་ཟླཝ་དག་པ་ཅིག་ནང་ རྐྱེན་ངན་ཚུ་ བྱུང་སྟེ་ཡོདཔ་ཨིན་པས།
འབྲུག་རྒྱབ་སྐྱོར་ཡོངས་འབྲེལ་གྱིས་ ཐབས་ལམ་ཚུ་འཚོལ་ནིའི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ གོ་བསྡུར་དང་ གྲོས་བསྟུན་ཚུ་འབད་ནིའི་ འཆར་གཞི་བརྩམས་ཏེ་འདུག།
སྤྱི་ཟླ་༡༡ པའི་ཚེས་༣༠ ལུ་ འགོ་འབྱེད་འབད་མི་ གྲོས་བསྡུར་ལས་རིམ་འདི་ནང་ གནས་སྤོ་མཁས་མཆོག་དང་ ཚོང་ལས་ དེ་ལས་ ལཱ་གཡོག་གསར་བཙུགས་ཁྱད་རིགཔ་ཚུ་ གཅིག་ཁར་འཛོམས་ཡོདཔ་ད་ ཞལ་འཛོམས་དེ་ནང་ དམིགས་བསལ་དུ་ སྐྱེས་ལོ་༣༥ ལས་བརྒལ་མི་ མི་ངོམ་ཚུ་གི་དོན་ལུ་ སྐྱོད་ཐམ་དང་འབྲེལ་བའི་ གདོང་ལེན་བྱུང་ཚུ་ལུ་ གཙོ་རིམ་བཟུང་ཡོདཔ་ཨིན་པས།
པརཐི་ལུ་ འབྲུག་པའི་ཚོགས་པའི་གཙོ་འཛིན་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ འབྲུག་མི་ལ་ལོ་ཅིག་གིས་ གདོང་ལེན་ཚུ་ལུ་བརྟེན་ ཨཱསི་ཊེ་ལི་ཡ་ལུ་ གནས་སྤོ་འོང་ཡོདཔ་ད་ གཞན་མི་ཚུ་གིས་ གནས་སྐབས་ཀྱི་ སྡོད་གནས་དོན་ལུ་ ཐབས་ལམ་གཞན་འཚོལ་དོ་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ སྐྱོད་ཐམ་ཆ་མེད་གཏང་པའི་ གནད་དོན་ཚུ་འཐོན་པ་ཅིན་ ཚོགས་པ་གིས་ ཤེས་རིག་གྲོས་སྟོན་ལས་སྡེ་ཚུ་དང་གཅིག་ཁར་ ལཱ་འབད་དེ་ འདི་བཟུམ་མའི་ གནད་དོན་ཚུ་ སེལ་ཐབས་འབད་ནི་ཟེར་ཨིད་པས།
དེ་མ་ཚད་ ཁོ་གིས་ སྐྱེས་ལོ་༣༥ ཡན་ཆད་འབད་མི་ ཞི་གཡོགཔ་ཚུ་གིས་ དགོངས་ཞུ་འབད་དེ་ ཨཱསི་ཊེ་ལི་ཡ་ལུ་ གནས་སྤོ་འགྱོ་ནིའི་ འཆར་གཞི་ཡོད་མི་ཚུ་གིས་ ཧ་གོ་ཚུགས་དགོཔ་དེ་ ཁག་ཆེ་བས་ཟེར་བཤད་ཡོདཔ་ད་ ཁོང་གིས་ གདོང་ལེན་ག་ཅི་ར་ འབྱུང་ནི་ཨིན་ནའི་སྐོར་ལས་ ཤེས་རྟོགས་འབྱུང་ཚུགས་ཟེར་ཨིན་པས།
གཙོ་འཛིན་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ཚོགས་པ་གིས་ དགོས་མཁོ་ཅན་གྱི་ མི་སྡེ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལས་ གཙོ་རིམ་བཟུང་སྟེ་ཡོད་ཟེར་ཨིནམ་ད་ ཚོགས་པ་གིས་ གནད་དོན་འདི་ཚུ་ལུ་ གདོང་ལེན་འབད་ནིའི་དོན་ལུ་དང་ ཨཱསི་ཊེ་ལི་ཡ་ལུ་ འབྲུག་མི་ཚུ་གི་དོན་ལུ་ རྒྱབ་སྐྱོར་གྱི་ལམ་ལུགས་སྒྲིང་སྒྲི་བཟོ་ནི་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས།
བརྡ་བརྒྱུད་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ པཱརཐི་ལུ་སྡོད་མི་ འབྲུག་མི་༡༥,༠༠༠ ལས་༡༧,༠༠༠ དེ་ཅིག་ ་ཡོདཔ་ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement