༉ སྤྱི་ལོ་༢༠༢༤ གི་ འབྲུག་དབང་རྒྱལ་རང་ལུགས་སྤག་ཤིང་གི་ མདའ་རྩེད་འགྲན་བསྡུར་ནང་ལས་ ད་རིས་ ཨུ་མཛོ་རོང་རྒེད་འོག་སྡེ་ཚན་གྱིས་ བསམ་གྲུབ་ལྗོངས་མཁར་ མར་ཚ་ལ་རྒེད་འོག་གི་སྡེ་ཚན་ ཕམ་བཏང་སྟེ་ རྒྱལ་རྟགས་ཐོབ་ཡོདཔ་ཨིན་པས།
དུས་ཅི་གི་རྩེད་འགྲན་དེ་ ཧེ་མ་དང་མ་འདྲཝ་སྦེ་ སྡེ་ཚན་ཚུ་ རང་སོའི་རྒེད་འོག་ནང་ ཐོ་བཀོད་འབད་ཐོག་ལས་ བཅའ་མར་གཏོགས་དགོཔ་ལས་ སྡེ་ཚན་༥༨ ཀྱིས་ རྩེད་འགྲན་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
འབྲུག་དབང་རྒྱལ་གྱི་རྒྱལ་རྟགས་རྩེད་འགྲན་དེ་ སྤྱི་ལོ་༢༠༠༤ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ གུད་བཏུད་ཞུ་དོན་ལུ་ འགོ་བཙུགས་ཡོདཔ་ཨིན་པས།
འབྲུག་དབང་རྒྱལ་མདའ་རྩེད་འགྲན་བསྡུར་ནང་ལས་ ཨང་དང་པ་ཐོན་མི་ ཨུ་མཛོ་རོང་སྡེ་ཚན་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༩༥,༠༠༠ དང་ ཨང་གཉིས་པ་ཐོན་མི་ མར་ཚ་ལ་རྒེད་འོག་གི་སྡེ་ཚན་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༦༩,༠༠༠ གནང་ཡོདཔ་ཨིན་པས།
འདི་དང་གཅིག་ཁར་ ངོ་རྐྱང་གི་གསོལ་རས་ཚུ་ཡང་ ཉིནམ་གཅིག་གི་ བཀག་རེག་མཐོ་ཤོས་ཕོག་མི་ འབྲུག་རྗེས་སྒང་རྒེད་འོག་སྡེ་ཚན་གྱི་ མདའ་རྩེདཔ་ཉི་མ་བཀྲིས་ལུ་ དངུལ་ཀྲམ་༡༣,༠༠༠ དང་ སྒོར་ཐིག་གུ་ མཐོ་ཤོས་ཕོག་མི་ འབུམ་སྡེ་གླིང་རྒེད་འོག་ལས་ ཆོས་རྟེན་དངོས་གྲུབ་ ཉིནམ་གཅིག་གི་རྡོབ་སྦྱེལ་མཐོ་ཤོས་ཕོག་མི་ ཤེར་མུང་རྒེད་འོག་ལས་ ཕུན་ཚོགས་སྟོབས་རྒྱས་ ཉིནམ་ཅིག་གི་ མདའ་རྩེད་དྲག་ཤོས་ མར་ཚ་ལ་རྒེད་འོག་ལས་ བསོད་ནམས་རིན་ཆེན་ཚུ་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༣,༠༠༠ རེ་གནང་ཡོདཔ་ད་ མདའ་རྩེདཔ་དྲག་ཤོས་ སྐོར་ཐེངས་༡༢༡ ནང་ བཀག་རེག་༣༨ ཕོག་མི་ ཀུར་སྟོད་རྒེད་འོག་ལས་ བྱང་ཆུབ་རྡོ་རྗེ་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༥,༠༠༠ གནང་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།