༉ ཨེ་ཤི་ཡེན་གོང་འཕེལ་དངུལ་ཁང་གིས་ མི་མང་གཞི་རྟེན་ལས་འགུལ་ནང་ ཉི་དྲོད་ནུས་ཤུགས་བཀྲམ་སྤེལ་དོན་ལུ་ གཞུང་ལུ་རྒྱབ་སྐྱོར་ ཡུ་ཨེས་ཌི་ས་ཡ་༡༠ འབད་མིའི་ སྐྱིན་འགྲུལ་གན་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
འདི་བཟུམ་གྱི་ རྩོལ་སྒྲུབ་དེ་ཡང་ ཉི་དྲོད་ནུས་ཤུགས་ཚུ་ སྒེར་གྱི་སྒྲིང་ཁྱིམ་གྱི་ ཁྱིམ་ཐོག་གུ་དང་ ཡིག་ཚང་གི་སྒྲིང་ཁྱིམ་ སྨན་ཁང་ སློབ་གྲྭ་ ཚོང་འབྲེལ་ཁང་ སྣུམ་འཁོར་བཞག་ཁྱིམ་ཚུ་ག་ར་གུ་ ཉི་དྲོད་ནུས་ཤུགས་ བཙུགས་སྒྲིག་འབད་མི་གིས་ ནུས་ཤུགས་མེ་ག་ཝཊ་༣༥ བཏོན་ཚུགས་ནི་ཨིན་པས།
ལས་འགུལ་དེ་ སྤྱི་ཟླ་༡༠ པའི་ནང་ལས་ འགོ་བཙུགས་ཏེ་ ལོ་ལྔའི་རིང་ ལཱ་འབད་ནི་ཨིན་པས།
སྐྱིན་འགྲུལ་གན་ཡིག་གུ་ ཁ་ཙ་ ཨེ་ཤི་ཡེན་གོང་འཕེལ་དངུལ་ཁང་གི་གཙོ་འཛིན་ མ་སཏ་སུ་གུ་ཨ་ས་ཀ་བཱ་གིས་ འབྲུག་ལུ་ཉིནམ་༣ གྱི་ ལྟ་སྐོར་ལུ་འོངམ་དང་འབྲེལ་ མཚན་རྟགས་བཀོད་ཡོདཔ་ད་ དེ་ཡང་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་དང་ འབྲུག་གཞུང་གི་བར་ནང་ མཉམ་འབྲེལ་དམ་ཟབ་ལུ་ དམིགས་ཏེ་ཨིན་པས།
ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་ ནུས་ཤུགས་མཁས་མཆོག་ ཇོང་མི་སཱོན་གྱིས་ བཤད་མིའི་ནང་ འབྲུག་ལུ་ ཉི་དྲོད་ཀྱི་ནུས་ཤུགས་དེ་ གནམ་གཤིས་གནས་སྟངས་ཀྱི་ ཐབས་བྱུས་གཙོ་བོ་ཅིག་ ཨིན་མས་ཟེར་ཨིནམ་ད་ ནུས་ཤུགས་ཀྱི་ཉེན་སྲུང་དེ་ ཚ་གྱང་ཅན་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ གློག་མེའི་མཁོ་འདོད་བཀོད་མི་ ཡར་སེང་དང་ གློག་མེ་ལངམ་མེད་མི་ དེ་ལས་ དམིགས་བསལལ་གྱི་ གནམ་དགུན་ལུ་ གདོང་ལེན་ཚུ་འབྱུང་དོ་ཡོདཔ་སྦེ་ཨིན་པས།
ཉི་དྲོད་ཀྱི་ དྲོད་ཤུགས་མཐོ་དྲག་ཡོད་མི་ལུ་ ཉི་དྲོད་ནུས་ཤུགས་རྒྱ་སྐྱེད་དང་ གློག་མེ་ལུ་བརྟེན་ནི་དེ་ མར་ཕབ་འབད་ཚུགས་ནི་དང་ ཉི་དྲོད་ཀྱི་ནུས་ཤུགས་དེ་ གནམ་དགུན་ལུ་ ཡར་སེང་འགྱོ་ཚུགས་པའི་ཁར་ གནམ་དགུན་གྱི་སྐབས་ལུ་ གཙང་ཆུ་ཚུ་བསྐམས་འགྱོ་དོ་ཡོདཔ་ལས་ གཙང་ཆུ་ཆུང་ཀུ་འགྱོ་དོ་ཡོདཔ་བཞིན་དུ་ དེ་གིས་ གློག་མེ་ལུ་ལྷན་གྲོགས་དང་ ལོ་བསྟར་གྱི་ཐོན་སྐྱེད་ ཡར་སེང་འབད་ཚུགས་ནི་ཨིན་པས།
འབྲུག་རྒྱལ་ཁབ་དེ་ ཆུར་བརྟེན་གློག་མེ་ལུ་ བརྟེན་སྡོད་མི་ཅིག་འབད་ནི་དེ་གིས་ གནམ་དགུན་གྱི་སྐབས་ལུ་ གློག་མེ་ནང་འདྲེན་འབད་དགོཔ་འབྱུང་དོ་ཡོདཔ་ད་ སྤྱི་ལོ་༢༠༢༣ ཟླ་༡༢ པ་ལས་ སྤྱི་ལོ་༢༠༢༤ ཟླ་༥ པ་ཚུན་ལུ་ འབྲུག་གིས་ གློག་མེ་ནང་འདྲེན་དངུལ་ཀྲམ་ཐེར་འབུམ་༦.༠༧ འབད་ཡོད་མི་ཚུ་ འདས་པའི་ལོའི་ དངུལ་ཀྲམ་ཐེར་འབུམ་༡.༧༥ དང་ཕྱདཔ་ད་ ཡར་སེང་སྦོམ་སྦེ་ར་ སོང་ཡོདཔ་ཨིན་པས།
ཆུར་བརྟེན་གློག་མེ་ཕྱིར་ཚོང་དེ་ སྤྱི་ལོ་༢༠༢༡ ལུ་ དངུལ་ཀྲམ་ཐེར་འབུམ་༢༤.༢ དང་ཕྱདཔ་ད་ ན་ཧིང་གི་ལོ་ལུ་ དངུལ་ཀྲམ་ཐེར་འབུམ་༡༦.༦༧ ལུ་ མར་བབས་སོང་ཡོདཔ་ཨིན་པས།
གཞུང་གི་ཁ་ཐུག་ལས་ དམིགས་ཡུལ་ཚུ་ སྦོམ་སྦེ་ར་བསྐྱེད་ཐོག་ལས་ སྤྱི་ལོ་༢༩༢༥ གི་ནང་འཁོད་ལུ་ ཉི་དྲོད་ནུས་ཤུགས་མེ་ག་ཝཱཊ་༥༠༠ ཐོན་སྐྱེད་འབད་ནི་དང་ སྤྱི་ལོ་༢༠༣༠ ལུ་ མེ་ག་ཝཊ་༡,༠༠༠ ཐོན་སྐྱེད་ཡར་སེང་འབད་ནི་ཨིན་པས།
རང་བཞིན་སླར་འབྱུང་ནུས་ཤུགས་འཛིན་སྐྱོང་འཆར་གཞི་ཨམ་༢༠༡༦ ཅན་མ་དང་འཁྲིལཝ་ད་ འབྲུག་གིས་ ཉི་དྲོད་ནུས་ཤུགས་ གི་ག་ཝཱཊ་༡༢ ཐོན་སྐྱེད་འབད་ནི་དང་ རླུང་འཁོར་ནུས་ཤུགས་མེ་ག་ཝཊ་༧༦༠ ཐོན་སྐྱེད་འབད་ཚུགས་པའི་ འོས་འབབ་ཡོདཔ་སྦེ་ཨིན་པས།
ཇོང་མི་སཱོན་གྱིས་ བཤད་མིའི་ནང་ ཉི་དྲོད་བགོ་བཀྲམ་གྱི་རིམ་ལུགས་དེ་ གང་མགྱོགས་བཙུགས་སྒྲིག་འབད་ནི་དང་ གློག་མེའི་དགོས་མཁོ་ཐོན་མི་ཚུ་ བསྒྲུབ་ཚུགསཔ་འབད་ནི་ཨིནམ་བཞིན་དུ་ དེ་ཡང་ ཆུར་བརྟེན་གློག་མེ་འཕྲུལ་ཁང་ཚུ་ བསྒྲུབ་ཚུགས་ནི་ལུ་ མགུ་རྙོག་ཅན་སྦེ་ ཡུན་རིངམོ་སྦེ་ འགོར་ནི་དེ་གིས་ཨིན་པས།
ཉི་དྲོད་ནུས་ཤུགས་སྡེ་ཚན་གྱིས་ ལཱ་གཡོག་གི་གོ་སྐབས་བྱིན་ཚུགས་པའི་ཁར་ རིག་རྩལ་ཅན་ཚུ་ལུ་ གནས་རིམ་ཡར་སེང་དང་ ལཱ་གཡོག་གི་གོ་སྐབས་ཚུ་ ཐོབ་ལམ་ཡོདཔ་སྦེ་ བཟོ་ཚུགས་ཟེར་ མོ་གིས་ བཤདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།