༉ ཨེ་ཤི་ཡ་དང་ པེ་སི་ཕིག་གི་ གནམ་གཤིས་གདོང་ལེན་དང་ ཡུན་བརྟན་དང་ཡོངས་རྫོགས་གོང་འཕེལ་ རྒྱབ་སྐྱོར་གྱི་དོན་ལུ་ སྤྱི་ལོ་༢༠༢༣ ལུ་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༢༣.༦ འབད་མི་ལས་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༩.༨ གནམ་གཤིས་དངུལ་འབྲེལ་གྱི་དོན་ལུ་ཨིན་པས།

འཕྲལ་ཁམས་ཅིག་ཁར་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གི་ ལོ་བསྟར་སྙན་ཞུ་༢༠༢༣ ཅན་མ་ གསར་བཏོན་འབད་མི་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༢༢ ལུ་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༦.༧ ལས་ ཡར་སེང་འབད་ཡོདཔ་ཨིན་པས།

རྒྱབ་སྐྱོར་དེ་ཡང་ སྐྱིན་འགྲུལ་དང་ ནང་བྱིན་ འགན་ལེན་ བགོ་བཤའི་མ་རྩ་གཞི་བཙུགས་ དེ་ལས་ འཕྲུལ་རིག་རྒྱབ་ཐོགལས་ འབད་ཡོདཔ་ཨིན་པས།

ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ གལ་གནད་ཅན་གྱི་ལས་སྡེ་ སྐྱེལ་འདྲེན་(ཐེར་འབུམ་༢.༥) དང་ སོ་ནམ་(ཐེར་འབུམ་༡.༨) དེ་ལས་ ནུས་ཤུགས་ལས་སྡེ་(ཐེར་འབུམ་༡.༩) ཚུ་ལུ་ གནམ་གཤིས་གྱི་ མ་རྩ་གཞི་བཙུགས་འབད་ཡོདཔ་ཨིན་པས།

ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གི་གཙོ་འཛིན་ མ་སཊི་སུ་གུ་ ཨ་ས་ཀ་ཝ་གིས་ གཙུག་སྡེ་དེ་ ལུང་ཕྱོགས་ནང་ གནས་གཤིས་དང་ལེན་གྱི་དོན་ལུ་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་བྱིན་མི་ གཙོ་ཅན་ཅིག་ཨིན་ཟེར་ཨིན་པས།

གནམ་གཤིས་མཐུན་པའི་ སོ་ནམ་དང་ སླར་འབྱུང་ནུས་ཤུགས་ དེ་ལས་ ཀར་བཱོན་སྐྱེལ་འདྲེན་ཉུང་ཤོས་ འབག་ནིའི་ལུ་ འབྲེལ་མཐུན་དང་ ཐབས་ལམ་ཚུ་ལུ་ གཙོ་རིམ་སྒྲིང་སྒྲི་བཟུང་སྟེ་ ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ མཉམ་འབྲེལ་ཐོག་ལས་ དེ་གི་ཕན་གནོད་ལུ་ འབད་བརྩོན་འབད་དེ་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ ད་རུང་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༡༤.༤ རྒྱབ་སྐྱོར་འབད་ནི་ཨིན་པས།

སྙན་ཞུ་དང་འཁྲིལ་བ་ཅིན་ ཕོ་མོ་འདྲ་མཉམ་དེ་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་ལག་ལེན་གྱི་ གཙོ་རིམ་ལྟེ་བ་ཅིག་ཨིནམ་ད་ དེ་ཡང་ ཕོ་མོ་འདྲ་མཉམ་དང་འབྲེལ་བའི་ དཀའ་ངལ་མར་ཕབ་དང་ གནམ་གཤིས་འགྲོད་ལུ་བརྟེན་ ཨམ་སྲུ་ཚུ་ལུ་ གནོད་པ་བྱུང་མི་གི་ གནད་དོན་སེལ་ཐབས་ལུ་ ཐབས་ལམ་བཏོན་ཐབས་ལུ་ཨི་ནཔས།

སྤྱི་ལོ་༢༠༢༣ ལུ་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གི་ ལས་སྣ་མང་ཤོས་ཅིག་ ཕོ་མོ་འདྲ་མཉམ་དང་ ཡོངས་རྫོགས་གོང་འཕེལ་ཁས་ལེན་འབད་ནི་ལུ་ ལྷན་ཐབས་འབད་ཡོདཔ་ཨིན་པས།

ཡུན་བརྟན་གོང་འཕེལ་གྱི་ དམིགས་ཡུལ་གྲུབ་ཐབས་ལུ་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ མ་རྩ་འཛིན་སྐྱོང་གཞི་སྒྱུར་ ལག་ལེན་འཐབ་ཡོདཔ་ད་ མ་འོངས་ལོ་ངོ་༡༠ ནང་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༡༠༠ དེ་ཅིག་ སྐྱིན་འགྲུལ་གསརཔ་ ལེན་ཚུགས་ནི་ཨིན་པས།

སྙན་ཞུ་ནང་ བཀོད་མིའི་ནང་ སྤྱི་ལོ་༢༠༢༣ ལུ་ ལྷོ་ཡེ་ཤི་ཡ་ལུང་ཕྱོགས་ནང་ དཔལ་འབྱོར་དེ་ཅིག་ར་ ཐོ་ཕོག་སྟེ་མེདཔ་ད་ དཔེར་ན་ རྒྱ་གར་དེ་ འཛམ་གླིང་ནང་ དཔལ་འབྱོར་མགྱོགས་དྲགས་ ཡར་འཕར་འགྱོ་བའི་ རྒྱལ་ཁབ་ཅིག་ཨིན་པས།

ཨིན་རུང་ སྐྱ་ནམ་གྱི་གོང་ཚད་ གནམ་བྱཱར་སྐབས་ ཆརཔ་དུས་ཚོད་ཁར་ མ་རྐྱབ་མི་ ནུས་ཤུགས་མར་བབས་སོང་པའི་ གདོང་ལེན་ཚུ་ བྱུང་དོ་ཡོདཔ་ལས་ དམིགས་གཏད་ཅན་གྱི་ གདོན་ལེན་དང་ ཐབས་ཤེས་བཏོན་དགོཔ་ཡོདཔ་ཨིན་པས།

འཐུས་མི་རྒྱལ་ཁབ་ཚུ་ནང་ དམིགས་བསལ་གྱི་ གདོང་ལེན་སེལ་ཐབས་ལུ་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ གནད་དོན་གལ་ཅན་ཚུ་ནང་ བར་འཛུལ་འབད་དེ་ སེལ་ཐབས་འབད་ནི་ཨིན་པས།

འབྲུག་ལུ་ སྤྱི་ལོ་༢༠༢༢ ལུ་ ན་གཞོན་ལཱ་གཡོག་ མ་ཐོབ་པའི་ཚད་གཞི་དེ་ ཚབས་ཆེན་སྦེ་ར་ ཡར་འཕར་སོང་ཡོདཔ་ད་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ རིག་རྩལ་དང་ སྦྱོང་བརྡར་ དེ་ལས་ གཞི་རྟེན་གོང་འཕེལ་ཚུ་ནང་ ན་གཞོན་ཚུ་ལུ་ ལཱ་གཡོག་ལྷན་ཐབས་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༣༠ གི་ སྐྱིན་འགྲུལ་གན་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོད་པའི་གནས་ཚུལ།

 

ཨོ་རྒྱན་རྡོ་རྗེ།

 

Advertisement