༉ བསམ་རྩེ་ལུ་ ལོ་ལེ་ཤ་ཅིག་གི་རིང་ མདུན་སྐྱོད་འབད་མ་ཚུགས་པའི་ཁར་ དབུགས་འགམ་བྱུང་མི་ལུ་བརྟེན་ ས་གནས་ཀྱི་འགོ་ཁྲིདཔ་ཚུ་གིས་ འཕྲལ་མཁོ་གོང་འཕེལ་མ་དངུལ་གྱི་དོན་ལུ་ ཞུ་བ་ཕུལ་ནི་སྦེ་ ཐག་བཅད་ནུག།
བཙན་སྐྱོགས་དབང་འདུས།
༉ བསམ་རྩེ་ལུ་ ལོ་ལེ་ཤ་ཅིག་གི་རིང་ མདུན་སྐྱོད་འབད་མ་ཚུགས་པའི་ཁར་ དབུགས་འགམ་བྱུང་མི་ལུ་བརྟེན་ ས་གནས་ཀྱི་འགོ་ཁྲིདཔ་ཚུ་གིས་ འཕྲལ་མཁོ་གོང་འཕེལ་མ་དངུལ་གྱི་དོན་ལུ་ ཞུ་བ་ཕུལ་ནི་སྦེ་ ཐག་བཅད་ནུག།
བསམ་རྩེ་རྫོང་ཁག་ཚོགས་འདུ་གིས་ བསམ་རྩེ་ཁྲོམ་གོང་འཕེལ་གཏང་ནིའི་དོན་ལུ་ འཆར་དངུལ་ཁ་སྐོང་དགོཔ་སྦེ་ གཞུང་འབྲེལ་དུ་ བློན་ཆེན་ཡིག་ཚང་དང་ འབྲེལ་ཡོད་ལས་སྡེ་གཞན་ཚུ་དང་འཕྱད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
བསམ་རྩེ་ལུ་ ལོ་ངོ་༡༥ ལྷགཔ་ཅིག་གི་ཧེ་མར་ གཞུང་འབྲེལ་དུ་ ཁྲོམ་སྦེ་ ངོས་འཛིན་འབད་དེ་ཡོད་རུང་ གཞི་རྟེན་མཐུན་རྐྱེན་ཚུ་ ལེགས་བཅོས་འབད་ནིའི་ཐད་ཁར་ དེ་ཅིག་ར་ མཐོང་མ་ཚུགས་ཟེར་ ས་གནས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འཆར་གཞི་བརྩམ་མི་ བསམ་རྩེ་ཁྲོམ་གྱི་ འཆར་དངུལ་ལོགས་སུ་སྦེ་མེད་མི་ལུ་བརྟེན་ ཡུན་འགྱངས་ལུས་མི་དེ་ལུ་ གྲོས་བསྟུན་འབད་བའི་ཤུལ་ལས་ ལོ་དག་པ་ཅིག་གི་རིང་ གྲོས་བསྟུན་འབད་ཡོདཔ་ཨིན་པས།
ད་རེས་ནངས་པར་ ཁྲོམ་གོང་འཕེལ་གྱི་ལཱ་ཚུ་ རྫོང་ཁག་གི་ ལོ་བསྟར་འཆར་དངུལ་ཐོག་ལས་ མ་དངུལ་རྒྱབ་སྐྱོར་འབད་དོ་ཡོདཔ་ད་ ཐོན་ཁུངས་ཚུ་ འཕྲལ་མཁོ་དང་ གཙོ་རིམ་ལུ་གཞི་བཞག་སྟེ་ ལས་ཁུངས་ཁག་ཚུ་ནང་ བགོ་བཀྲམ་འབདཝ་ཨིནམ་ད་ འདི་གིས་ ཁྲོམ་ཁར་ གཙོ་རིམ་ཅན་གྱི་ གོང་འཕེལ་ལཱ་ཚུ་འབད་ནིའི་ གོ་སྐབས་དེ་ ཚད་འཛིན་འབད་དེ་ཡོདཔ་ཨིན་པས།
བསམ་རྩེ་ཁྲོམ་སྡེ་ངོ་ཚབ་ སོམ་ཀུ་མར་ པར་དཱན་གྱིས་ སླབ་མིའི་ནང་ ཁྲོམ་དེ་ ལོ་ངོ་༡༥ ལྷགཔ་ཅིག་གི་ཧེ་མར་ གཞི་བཙུགས་འབད་དེ་ཡོད་རུང་ གཞི་རྟེན་མཐུན་རྐྱེན་ཚུ་ནང་ གོང་འཕེལ་དུམ་གྲ་ཅིག་ལས་ མ་འགྱོ་བས་ཟེར་ཨིནམ་ད་ ཁྲོམ་ལྟེ་བ་ནང་ ད་ལྟོ་ཡང་ ལམ་ལེགས་ཤོམ་མེདཔ་ལས་ ཐལཝ་གིས་ མི་སེར་དང་ ལྟ་བཤལཔ་ཚུ་ལུ་ ཐོ་ཕོག་སྟེ་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
གཞུང་གིས་ འཁོར་ལམ་ཚུ་ རྩི་གནག་གཏང་མ་ཚུགས་མི་དང་ ཡང་ན་ ཁྲོམ་སྡེའི་གཞི་རྟེན་མཐུན་རྐྱེན་གཞན་ཚུ་ གཞི་བཙུགས་འབད་མ་བྱིན་པའི་ རྒྱུ་མཚན་ག་ཅི་ཨིན་ན་ཟེར་ ཁོ་གིས་ དྲི་བ་བཀོད་ཡོདཔ་ཨིན་པས།
སོམ་ཀུ་མར་ པར་དཱན་གྱིས་ སླབ་མིའི་ནང་ ཁྲོམ་གོང་འཕེལ་གྱི་ལཱ་དེ་ ལས་འགུལ་གཞན་ཚུ་དང་ཕྱདཔ་ད་ གཙོ་རིམ་བཟུང་ནི་གི་ རེ་བ་ཡོད་རུང་ གོང་འཕེལ་ཆུང་བའི་ལས་འགུལ་གྱི་ དབྱེ་ཁག་འོག་ལུ་ གནས་རིམ་གཉིས་པ་ བཞག་མི་ལུ་བརྟེན་ ཡུན་འགྱངས་ལུས་ཡོདཔ་ཨིན་པས།
རྫོང་ཁག་བཟོ་རིག་གཙོ་འཛིན་ ཆོས་ཉིད་བཟངམོ་གིས་ སླབ་མིའི་ནང་ ཁྲོམ་གོང་འཕེལ་གྱི་ གྲོས་འཆར་ཚུ་ ལོ་བསྟར་བཞིན་དུ་ བཙུགས་ཡོད་རུང་ མ་དངུལ་འཐོབ་ནིའི་ཐད་ཁར་ དོ་འགྲན་ཅན་གྱི་ མཁོ་འདོད་གཞན་ཚུ་ལུ་བརྟེན་ ལཱ་ཁག་བཏང་སྟེ་ཡོད་ཟེར་ཨིནམ་ད་ ཤུལ་མའི་རྩིས་ལོ་ནང་ བསམ་རྩེ་ཁྲོམ་གོང་འཕེལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༥༥ གྲོས་འཆར་བཀོད་ཡོདཔ་ད་ དངུལ་ཀྲམ་ས་ཡ་༩༢ བགོ་བཀྲམ་འབད་མི་དེ་ ལས་སྡེ་ག་རའི་ནང་ བགོ་བཤའ་རྐྱབ་ནི་ཨིན་པས།
འདས་པའི་རྩིས་ལོ་ནང་ འཆར་དངུལ་དངུལ་ཀྲམ་ས་ཡ་༣༡༡ གྲོས་འཆར་བཀོད་ཡོད་རུང་ ཆ་འཇོག་གྲུབ་མ་ཚུགསཔ་ད་ བཟང་མོ་གིས་ སླབ་མིའི་ནང་ ད་ལྟོ་ ལཱ་ཚུ་འབད་བའི་བསྒང་ཡོད་མི་ཚུ་ སི་ཌི་གི་ འཆར་དངུལ་ཐོག་ལས་ མ་དངུལ་རྒྱབ་སྐྱོར་འབད་དོ་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བསམ་རྩེ་གིས་ ཁྲོམ་གོང་འཕེལ་གྱི་དོན་ལུ་ གྲོས་འཆར་༡ བརྩིས་ཏེ་ ཨེསི་ཌི་པི་གི་ གྲོས་འཆར་༣ ལྷན་རྒྱས་གཞུང་ཚོགས་དྲུང་ཆེན་ཡིག་ཚང་ལུ་ ཕུལ་ཡི་ཟེར་ཨིན་པས།
ཨིན་རུང་ ཚོད་བསྲེ་ཁྲོམ་དང་ དོང་རྐ་བཟོ་སྐྲུན་གྱི་ ལས་འགུལ་རྐྱངམ་གཅིག་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།
ལམ་སེལ་གྱི་ཐད་ཁར་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ གཞི་རྟེན་མཐུན་རྐྱེན་གྱི་ ལཱ་གཞན་ཚུ་ མཇུག་མ་བསྡུ་བའི་ཧེ་མར་ ལམ་བསལ་ནི་དེ་གིས་ དེ་འཕྲོ་ལས་ གནོད་སྐྱོན་རྐྱབ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
བསམ་རྩེ་རྫོང་རབ་ ཆོས་སྐུ་དབང་ཕྱུག་གིས་ སླབ་མིའི་ནང་ རྫོང་ཁག་གིས་ ཐོན་ཁུངས་ཡོད་མི་དང་བསྟུན་ ཁྲོམ་གོང་འཕེལ་ལུ་ གཙོ་བོར་བཏོན་དོ་ཡོདཔ་ལས་ སི་ཌི་འཆར་དངུལ་ལག་ལེན་འཐབ་སྟེ་ འཁོར་ལམ་གྱི་དོན་ལུ་ ས་བཅད་ལཱ་ཚུ་འབད་ཚར་ཏེ་ཡོད་ཟེར་ཨིན་པའི་གནས་ཚུལ།
You may also like
ཟླ་༤ 19, 2025
ཟླ་༤ 19, 2025
ཟླ་༤ 19, 2025
ཟླ་༤ 19, 2025
ཟླ་༤ 19, 2025