༉ རྒྱལ་གཞུང་འབྲུག་གི་འགག་སྡེའི་ འགོ་དཔོན་༢༠ དང་ ཁྲིམས་སྲུང་འགག་པ་༡༡༦ གིས་ འཚོལ་ཞིབ་དང་ ཉེན་སྐྱོབ་ཀྱི་ ཁྱད་རིག་སྦྱོང་བརྡར་ལས་རིམ་ མཇུག་བསྡུ་ཡོདཔ་ཨིན་པས།
སྦྱོང་བརྡར་དེ་ཡང་ སྤྱི་ཟླ་༤ པ་ལས་ ཁྲིམས་སྲུང་འགག་པ་ཚུ་ གདོང་ལེན་འབད་མི་ དང་པ་འབདཝ་ལས་ རིག་རྩལ་དང་ གྲ་སྒྲིག་ལྷན་ཐབས་ལུ་དམིགས་ཏེ་ འགོ་བཙུགས་ཡོདཔ་ཨིན་པས།
ཆུ་ཁ་ བཀྲིས་དགའ་ཚལ་ལུ་ རྒྱལ་ཡོངས་འཚོལ་ཞིབ་དང་ཉེན་སྐྱོབ་སྦྱོང་བརྡར་ལྟེ་བའི་ནང་ སྡེ་ཁག་མ་འདྲཝ་ཚུ་ལས་ ཁྲིམས་སྲུང་འགག་པ་༡༣༧ གྱིས་ ཤོ་ཐེངས་༢ བཟོ་སྟེ་ སྦྱོང་བརྡར་འབད་ཡོདཔ་ཨིན་པས།
ལྟེ་བའི་ཁྲིམས་སྲུང་འགག་པའི་སྡེ་འཛིན་ དམག་སྲིག་འོགམ་ ཀརྨ་བསམ་གཏན་གྱིས་ སླབ་མིའི་ནང་ ལྟེ་བ་གཞི་བཙུགས་འབད་བའི་ཤུལ་ལས་ སྦྱོང་བརྡར་མཐར་འཁྱོལ་མི་དེ་ དྲན་རྟགས་ཅན་ཅིག་ཨིནམ་ད་ ལས་རིམ་དེ་ཡང་ ཁྲིམས་སྲུང་འགག་པ་ཚུ་གིས་ གྲ་སྒྲིག་དང་ ལྕོགས་གྲུལ་གོང་འཕེལ་གཏང་ནིའི་ ལྷན་ཐབས་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲིམས་སྲུང་འགག་པ་ཚུ་གིས་ མདུན་སྐྱོད་ཀྱི་ གྲ་སྒྲིག་དང་ གང་མགྱོགས་གདོང་ལེན་ལྕོགས་གྲུབ་ཐོག་ལས་ ང་བཅས་རའི་ མི་སྡེ་ཞི་བདེ་དང་ ཉེན་སྲུང་འབད་ནི་ལུ་ ཁས་ལེན་འབད་མི་ལུ་བརྟེན་ ལས་རིམ་འགོ་བཙུགས་ཅི་ཟེར་ཨིན་པས།
འཚོལ་ཞིབ་དང་ ཉེན་སྐྱོབ་སྦྱོང་བརྡར་དེ་ འཚོལ་ཞིབ་དང་ ཉེན་སྐྱོབ་གདོང་ལེན་གྱི་ ཁྱད་རིག་གོང་འཕེལ་གཏང་ནི་དང་ རང་བཞིན་གྱི་ རྐྱེན་ངན་ག་བཟུམ་འབྱུང་རུང་ གྲ་སྒྲིག་ལྷན་ཐབས་དང་ རྫོང་ཁག་རེ་ནང་ འཚོལ་ཞིབ་དང་ ཉེན་སྐྱོབ་ཀྱི་ གཞི་རྟེན་དགོས་མཁོའི་ཅ་ཆས་ཡོད་པའི་ འཚོལ་ཞིབ་དང་ ཉེན་སྐྱོབ་སྡེ་ཚན་ཅིག་ གཞི་བཙུགས་འབད་ཐབས་ལུ་ཨིན་པས།
ཀརྨ་བསམ་གཏན་གྱིས་ སླབ་མིའི་ནང་ སྦྱོང་བརྡར་གྱི་རྩ་གཞུང་ནང་ ལག་ལེན་དངོས་ལྟར་དང་ ངོ་མ་བཟུམ་འབད་ནི་ དེ་ལས་ འཚོལ་ཞིབ་དང་ ཉེན་སྐྱོབ་ལ་སོགས་པའི་ ཐབས་ལམ་དང་ཐབས་བྱུས་ཡོད་པའི་ གནད་དོན་ཚུ་གི་ཐོག་ལུ་ ཡིག་ཐོག་གི་ སློབ་སྟོན་འབད་ཡོདཔ་ཨིན་པས།
སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ཚུ་གིས་ འཚོ་འགྲུལ་ཞིབ་འཚོལ་དང་ རྐྱེན་ངན་བྱུང་མི་བཏོན་ནི་ གློ་བུར་སྨན་བཅོས་ གློ་བུར་གསོ་བའི་གདོང་ལེན་ བརྡ་དོན་དང་མཉམ་འབྲེལ་ དེ་ལས་ དམིགས་བསལ་གྱི་ འཚོལ་ཞིབ་དང་ཉེན་སྐྱོབ་ཀྱི་ཅ་ཆས་ ལག་ལེན་འཐབ་ནི་ མདུན་སྐྱོད་སློབ་སྟོན་ཚུ་ བྱིན་ཡོདཔ་ཨིན་པས།
སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ དམག་སྲིད་འོགམ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ལས་རིམ་ལུ་བརྟེན་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་ལུ་ མི་མང་ཉེན་སྲུང་གནས་ཚད་ངེས་བརྟན་ཐོག་ལས་ གློ་བུར་སྐབས་ མགྱོགས་དྲགས་དང་ འཇོན་ཐངས་ཅིག་སྦེ་ གདོང་ལེན་འབད་ནི་གི་ སྦྱོང་བརྡར་ཚུ་ ཐོབ་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བཟུམ་གྱི་ སྦྱོང་བརྡར་གྱིས་ འཚོལ་ཞིབ་དང་ ཉེན་སྐྱོབ་ལག་ལེན་འཛིན་སྐྱོང་འབད་ནིའི་དོན་ལུ་ ཁྲིམས་སྲུང་འགག་པའི་ལས་ཁུངས་ཀྱིས་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབད་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་ལུ་ གངས་རི་འཚོལ་ཞིབ་དང་ཉེན་སྐྱོབ་དང་ ས་ཐོག་འཚོལ་ཞིབ་དང་ཉེན་སྐྱོབ་ དེ་ལས་ ཁྲོམ་ནང་འཚོལ་ཞིབ་དང་ཉེན་སྐྱོབ་ལ་སོགས་པའི་ སྦྱོང་བརྡར་ཚུ་ འབད་ཡོདཔ་ཨིན་པས།
མི་སྡེ་ཁས་ལེན་གྱི་ ཆ་ཤས་ཅིག་སྦེ་ རྒྱལ་ཡོངས་འཚོལ་ཞིབ་དང་ཉེན་སྐྱོབ་སྦྱོང་བརྡར་ལྟེ་བ་གིས་ མདུན་སྐྱོན་སྦྱོང་བརྡར་ལས་རིམ་ནང་ མ་རྩ་གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
རྒྱལ་ཡོངས་འཚོལ་ཞིབ་དང་ཉེན་སྐྱོབ་སྦྱོང་བརྡར་ལྟེ་བ་གིས་ ནང་སྲིད་ལྷན་ཁག་ལུ་ ཞུ་བ་འབད་དེ་ འཚོལ་ཞིབ་དང་ཉེན་སྐྱོབ་ བདེ་སྲུངཔ་དང་རྒྱལ་སྲུང་ དེ་ལས་ རྐྱེན་ངན་དང་འབྲེལ་བའི་ སྦྱོང་བརྡར་བྱིན་ནི་གི་ ལས་འཆར་ཡོདཔ་ཨིན་པས།
སྦྱོང་བརྡར་ལས་རིམ་དེ་ ས་གནས་གཞུང་སྐྱོང་ལས་ཁུངས་དང་ རྐྱེན་ངན་འཛིན་སྐྱོང་གིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement