༉ རྒྱལ་ཁབ་ཀྱི་གནས་སྟངས་དེ་ ཡར་རྒྱས་མདུན་དུ་སྤོ་བའི་ ནམ་དུས་ལུ་འབད་ནི་དེ་གིས་ གོང་འཕེལ་གྱི་ལས་སྣ་ཚུ་ མང་རབས་ཅིག་ བགོ་བཀྲམ་འབད་བའི་ཁར་ དམིགས་བསལ་གྱི་ སོ་ནམ་གྱི་ཐོན་སྐྱེད་ཚུ་ལུ་ གཙོ་རིམ་སྒྲིག་ནི་དེ་ཡང་ གལ་ཆེ་ཤོས་ཅིག་སྦེ་ཡོདཔ་ཨིན། དེ་ཡང་ འདས་པའི་ལོ་ངོ་ བཅུ་ཕྲག་ལས་འགོ་བཙུགས་ སོ་ནམ་པ་དང་ རི་དྭགས་སེམས་ཅན་གྱི་བྲེལ་ཟིང་དེ་ ཡུན་རིང་གི་ གདོང་ལེན་ཅིག་སྦེ་ཡོདཔ་ལས་ ཐབས་ལམ་ཚུ་ བཏོན་དང་བཏོན་བཞིན་པ་སྦེ་འདུག།
འབྲུག་པའི་མི་ཁུངས་ བརྒྱ་ཆ་༧༠ དེ་ཅིག་གིས་ སོ་ནམ་ལུ་ གཙོ་རིམ་བསྒྲིགས་ཏེ་ གནས་བཞིན་དུ་ཡོདཔ་ལས་ གཞུང་གི་ཁ་ཐུག་ལས་ཡང་ དེ་ལུ་ཐབས་ལམ་ཚུ་ གཙོ་རིམ་ཅན་གྱི་གྲངས་སུ་ བཙུགས་ཏེ་འདུག། རྒྱ་གར་གྱི་ས་མཚམས་ས་གནས་ དགེ་ལེགས་ཕུག་གི་ སོ་ནམ་པ་ཚུ་འབད་བ་ཅིན་ སྤྱིར་བཏང་རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་ གནོདཔ་བཀལ་བའི་གུ་ དམིགས་བསལ་གྱི་ གླངམོ་ཆེ་གི་གདོང་ལེན་དེ་ སྦོམ་ཤོས་ཅིག་སྦེ་ཡོདཔ་ཨིན།
འདི་དང་འདྲཝ་སྦེ་ རྫོང་ཁག་༢༠ ནང་ཡོད་པའི་ མི་སེར་སོ་ནམ་པ་ཚུ་ག་ར་ འཚོ་བ་སོ་ནམ་གྱི་ ཐོན་སྐྱེད་ལུ་བརྟེན་སྡོད་མི་ ཙང་ཙང་འབདཝ་ལས་ ལོ་ཐོག་གི་ཐོན་སྐྱེད་དེ་ མེད་ཐབས་མེདཔ་ཅིག་ཨིན། རྫོང་ཁག་ཐདམ་ཐད་ཁ་ལས་ཕར་ སོ་ནམ་གྱི་ལོ་ཐོག་ལུ་ གནོདཔ་བཀལ་མི་དེ་ རི་ཁའི་སེམས་ཅན་ ཀ་ཤ་ རི་ཕག་ ཤཝ་ དོམ་ སྤྱ་ཚུ་འབད་ནི་དེ་གིས་ མི་སེར་ཚུ་ ཉིན་མ་སོ་ནམ་གྱི་ལཱ་འབད་བར་ འགྱོ་ནི་དང་ གནམ་ནུབ་མོ་ ཞག་ཉལ་ནི་ཡང་མེད་པར་ ལོ་ཐོག་བསྲུང་ནི་དེ་ ལམ་ལུགས་བཟུམ་ཅིག་ལུ་ གྱུར་ཏེ་སྡོད་ནུག།
མི་སེར་སོ་ནམ་པ་ཚུ་གིས་ ལོ་ཅིག་གི་རིང་ དཀའཝ་སྤྱད་དེ་འབད་བའི་འབྲས་བུ་དེ་ རི་དྭགས་སེམས་ཅན་ལུ་ ཤོར་འོང་ཟེར་ ལོ་ཐོག་འཚོ་རན་པའི་བསྒང་ལས་ ཐོག་བསྲུང་ནི་ལུ་ རྩ་འགེངས་དོ་ཡོད་རུང་ ས་གནས་ལ་ལུ་ཅིག་ནང་ སའི་ཆགས་ཚུལ་དང་ རི་དྭགས་སེམས་ཅན་གྱི་ དར་ཁྱབ་ལུ་བརྟེན་ རྩ་ལས་ར་ ལོ་ཐོག་ཚུ་ ལེགས་ཤོམ་སྦེ་ བསྡུ་གསོག་འབད་མི་ཚུགས་དོ་ཡོདཔ་ལས་ བློ་ཕམ་སུ་ཅིག་སྦེ་ སྡོད་པའི་གུ་ ལ་ལུ་ཅིག་གིས་ གྲོང་གསེབ་ལས་ གཞུང་ལྟེ་བ་ལུ་ གནས་སྤོ་འོང་མི་ཡང་ ཐོནམ་ཨིན་མས།
གཞུང་གི་ཁ་ཐུག་ལས་འབད་རུང་ མི་སེར་ཚུ་གི་ སྐྱིད་སྡུག་ལུ་དགོངས་ཏེ་ གློག་རྒྱུན་ལུ་བརྟེན་པའི་ ར་བ་བསྒོར་ནི་དང་ ས་གནས་ལ་ལུ་ཅིག་ནང་ ཉི་དྲོད་ནུས་ཤུགས་ལུ་བརྟེན་པའི་ གློག་མེ་ནུས་ཤུགས་ཀྱི་ ར་བ་ཚུ་བསྒོར་ཐོག་ལས་ དཀའ་ངལ་བསལ་ཐབས་ འབད་དང་འབད་བཞིན་པ་འདུག།
མ་གཞི་ ཐབས་བྱུས་དེ་གིས་ ཧ་ལམ་ཅིག་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ལས་ བསྲུང་སྐྱོབ་འབད་ཚུགས་རུང་ ཡུན་རིངམོ་སྦེ་སོང་བའི་བསྒང་ལས་ གློག་ཐག་ར་བ་གི་ཀཝ་ཚུ་ ར་སྦོག་སོང་མི་དང་ ལ་ལུ་ཅིག་ནང་ གློག་རྒྱུན་བཀྲམ་སྤེལ་གྱི་ འཕྲུལ་ཨམ་མེདཔ་ཐལ་མི་ ལ་ལུ་ཅིག་ ལོ་དག་པ་ཅིག་གི་རྒྱབ་ལས་ བདག་འཛིན་མ་འབད་བར་ ག་ལྷོད་བཀོག་བཞག་མི་ལུ་བརྟེན་ དེ་གིས་མཐར་འཁྱོལ་བྱུང་མ་ཚུགསཔ་ བཟུམ་སྦེ་ཡང་མཐོངམ་མས།
གཞུང་གིས་ ཕྱི་རྒྱལ་ཁབ་ནང་ལས་ གྲོགས་རམ་འཚོལ་ཏེ་ གློག་མེ་དང་ ཉི་དྲོད་ཀྱི་རྒྱུན་ཐག་ནུས་ཤུགས་ཚུ་ མི་སེར་ཚུ་ལུ་ ཕན་ཐོགས་འབྱུང་ཐབས་ལུ་ གཙོ་རིམ་བསྒྲིགས་མི་དེ་ ད་རེས་ནངས་པར་ དོན་མེད་བཟུམ་ཅིག་ལུ་ གྱུར་ཡོདཔ་སྦེ་འདུག། ཨིན་རུང་ གཞུང་གིས་ མི་སེར་སོ་ནམ་པའི་མཐའ་དོན་ལུ་ དམིགས་ཡུལ་བསྐྱེད་དེ་ ད་རེས་ནངས་པར་ ལྕགས་སྐུད་དྲྭ་མིག་གི་ ར་བ་བསྒོར་ནི་ལུ་ འབད་བརྩོན་བསྐྱེད་དོ་ཡོདཔ་ད་ དེ་ཡང་ སྤུ་ན་ཁ་རྫོང་ཁག་ནང་ བཟུམ་ཅིག་འབད་བ་ཅིན་ ལྕགས་སྐུད་དྲྭ་མིག་གི་ར་བ་བསྒོར་ནི་ལུ་ རྒེད་འོག་ལྔ་དེ་ཅིག་ ངོས་འཛིན་འབད་དེ་འདུག།
མ་གཞི་ ལྕགས་སྐུད་དྲྭ་མིག་བསྒོར་ནིའི་ལཱ་དེ་ ཟད་འགྲོ་ལྕི་དྲག་གནས་པའི་ ལས་འགུལ་ཅི་ཨིན་རུང་ གལ་སྲིད་ དེ་གིས་ མི་སེར་ཚུ་ལུ་ ཕན་ཐོགས་བྱུང་ཚུགས་པ་ཅིན་ གྲུབ་འབྲས་མཐར་འཁྱོལ་གྱི་གྲངས་སུ་ ཚུད་ནི་ཨིནམ་ལས་ ལས་འགུལ་དེ་ལུ་ ག་ར་གིས་ ངོས་ལེན་དང་ དང་འདོད་བསྐྱེདཔ་ཨིན་མས།
དེ་འབདཝ་ད་ གཞུང་གིས་ སྐྱིད་སྡུག་གནང་ནི་ རྐྱངམ་གཅིག་ལུ་ བསྒུག་སྡོད་ནི་མེན་པར་ མི་སེར་ཚུ་གི་ ཁ་ཐུག་ལས་འབད་རུང་ རྒེད་འོག་དང་ སྤྱི་འོག་ནང་ལྷོད་མིའི་གྲོགས་རམ་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་དགོཔ་དེ་ཡང་གལ་ཆེ།
འདས་པའི་ཉམས་མྱོང་བཟུམ་འབད་བ་ཅིན་ ཧེ་མ་ཚར་ཅིག་ ག་ར་གིས་ སྤྲོ་བ་བསྐྱེད་ཞིནམ་ལས་ ཤུལ་ལས་བདག་མེད་སྦེ་ བཞག་པ་ཅིན་ ལས་འགུལ་དང་ ལས་རིམ་ཚུ་ ག་དེ་ཅིག་ར་ མི་སེར་ལུ་གནང་སྟེ་འབད་རུང་ མཐར་འཁྱོལ་བྱུང་ཚུགས་པ་ལཱ་ཁག་འོང་།

Advertisement