༉ སྤྱི་ཟླ་༥ པའི་ཚེས་༡༦ ལུ་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་གིས་ གསར་བཞེངས་འབད་བའི་བསྒང་ཡོད་མི་ གསར་སྤང་རྫོང་གུ་ གསེར་ཏོག་བཀལ་སར་ དབུ་བཞུགས་མཛད་གནང་ནུག།
གསེར་ཏོག་གི་ གསུང་ཆོག་དེ་ཡང་ གཞུང་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་ སྤྲུལ་སྐུ་རྣམ་རྒྱལ་གྱིས་ གནང་ཡོདཔ་ད་ ད་རེས་ རྫོང་གསར་བཞེངས་ཀྱི་ལཱ་བརྒྱ་ཆ་༧༥ མཇུག་བསྡུ་ཡོདཔ་ལས་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་ བཞེངས་ཚར་ནིའི་ ལས་རིམ་ཡོདཔ་ཨིན་པས།
ཀུན་ར་གི་ གཞི་རྟེན་ལཱ་ཚུ་ མཇུག་བསྡུ་ཡོདཔ་མ་གཏོགས་ གཞན་གཞི་རྟེན་དང་ བཟོ་བཀོད་ལཱ་ག་ར་ མཇུག་བསྡུ་ཡོདཔ་ད་ ལས་འགུལ་འཛིན་སྐྱོང་པ་ སངས་རྒྱས་ཀུན་དགའ་གིས་ སླབ་མིའི་ནང་ ལྡེབས་རི་རྐྱབ་ནི་དང་ ནང་རྟེན་ཚུ་གི་ པ་ཏྲ་བརྐོ་ནིའི་ལཱ་ཚུ་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལཱ་ཚུ་ཡང་ ཤུལ་མའི་ཟླཝ་ནང་ མཇུག་བསྡུ་ནི་ཨིནམ་བཞིན་དུ་ ལས་འགུལ་གྱི་ ལཱ་ཚུ་ག་ར་ ལོ་༡ གི་ནང་འཁོད་ལུ་ རྩིས་སྤྲོད་འབད་ནིའི་ ལས་རིམ་ཡོད་ཟེར་ཨིན་པས།
མ་གཞི་ རྫོང་ནང་ལས་ བདག་སྐྱོང་དང་ གྲྭ་ཚང་གི་ ཞབས་ཏོག་བྱིན་ནི་སྦེ་ཡོད་རུང་ ད་ལས་ཕར་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱི་ བདག་སྐྱོང་ལྟེ་བ་སྦེ་ ཞབས་ཏོག་བྱིན་ནི་ཨིནམ་ད་ འཆར་གཞི་གསརཔ་དང་ རིམ་བསྒྲིག་འབད་ནིའི་དོན་ལས་ བདག་སྐྱོང་གི་ ཁང་ཚན་རྐྱབ་ནི་ལཱ་ཚུ་ ལོ་༡ གི་ཧེ་མ་ལས་ མཚམས་འཇོག་འབད་དེ་ ཡོདཔ་ཨིན་པས།
སངས་རྒྱས་ཀུན་དགའ་གིས་ སླབ་མིའི་ནང་ རྫོང་གསར་བཞེངས་འབད་མི་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་དོན་ལུ་ གལ་ཅན་ཅིག་ཨིནམ་ད་ ལྷན་ཁག་གི་ བཀའ་རྒྱ་དང་འཁྲིལ་ཏེ་ བདག་སྐྱོང་གི་ ཁང་ཚན་ཚུ་རྐྱབ་ནི་ འགོ་བཙུགས་ནི་ཨིན་ཟེར་ཨིན་པས།
རྫོང་གི་ ཕྱི་ཁའི་བཟོ་བཀོད་ཚུ་ རང་ལུགས་ཀྱི་ཨིནམ་ད་ ནང་ན་འབད་བ་ཅིན་ དེང་སང་གི་ བཟོ་བཀོད་དང་ མཐུན་རྐྱེན་ཚུ་ཡོདཔ་བཞིན་དུ་ དེ་གིས་ གྲྭ་ཚང་དང་ བདག་སྐྱོང་གི་ དགོས་མཁོ་ཚུ་ བསྒྲུབ་ཚུགས་ནི་ཨིན་པས།
རྫོང་གི་ནང་ན་ བདག་སྐྱོང་གི་ ཁང་ཚན་༥ ཡོདཔ་ཨིན་པས།
རྫོང་གསར་བཞེངས་མཇུག་བསྡུ་བའི་ཤུལ་ལས་ གྲྭ་ཚང་དེ་ ས་གནས་ནང་ སྤོ་བཤུད་འབད་ནི་ཨིནམ་ད་ ཁང་ཚན་ནང་ དགེ་སློང་༡༥༠ ཤོང་ཚུགས་ནི་དང་ བླམ་བཞུགས་ས་ཡང་ ཡོདཔ་ཨིན་པས།
རྫོང་བཞེངས་ནིའི་དོན་ལུ་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ཐེར་འབུམ་༡.༠༩༢ རྒྱབ་སྐྱོར་འབད་མིའི་ཐོག་ལས་ ད་རེས་ དངུལ་ཀྲམ་ས་ཡ་༨༢༠ ཟད་འགྲོ་བཏང་ཚར་ཡོདཔ་ད་ གསར་སྤང་རྫོང་བཞེངས་གི་ལཱ་དེ་ སྤྱི་ལོ་༢༠༡༧ ཟླ་༡༡ པ་ལས་ འགོ་བཙུགས་ཡོད་རུང་ ནད་ཡམས་ལུ་བརྟེན་ ལོ་༡ དེ་ཅིག་ ལཱ་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ས་ཆ་ཨེ་ཀར་༡༡ ནང་ གསར་བཞེངས་འབད་མི་ གསར་སྤང་རྫོང་གི་ ལས་འགུལ་དེ་ཡང་ ནང་སྲིད་ལྷན་ཁག་འོག་གི་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
མི་དབང་རྒྱལ་ཡུམ་མཆོག་གིས་ རྫོང་གསར་བཞེངས་འབད་མི་ ལས་མི་ཚུ་ལུ་ ཉིན་མའི་ལྟོ་ཁ་ གནང་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།