༉ འཕྲལ་མགྱོགས་ར་ མོ་བཏབ་ཐོག་ལས་ ལག་ལེན་འཐབ་མི་ དམིགས་བསལ་ཤེས་ཡོན་སློབ་གྲྭ་༥ གི་ སློབ་ཕྲུག་ཚུ་གིས་
རྫམ་བཟོ་ནིའི་ རིག་རྩལ་སྦྱོང་བརྡར་ཚུ་ འཐོབ་ཚུགས་ནི་ཨིན་པས།
ཊར་ཀིཤ་མཉམ་འབྲེལ་ལས་སྡེ་གི་ རྒྱབ་སྐྱོར་ཐོག་ལས་ གསལ་བ་གིས་ དམིགས་བསལ་ཤེས་ཡོན་གྱི་ སློབ་གྲྭ་ཚུ་ནང་ རྫམ་བཟོ་ནིའི་ ལག་རྩལ་སྦྱོང་བརྡར་ཚུ་ འགོ་བཙུགས་ནི་ཨིནམ་བཞིན་དུ་ སྦྱོང་བརྡར་གྱི་ཅ་ཆས་ཚུ་ཡང་ སྤྱི་ཟླ་༡༡ པའི་ཚེས་༥ ལུ་ ཐིམ་ཕུག་ལུ་སྦེ་ སློབ་གྲྭ་ཚུ་ལུ་ རྩིས་སྤྲོད་འབད་ནུག།
གསལ་བ་དེ་ དབང་པོ་སྐྱོན་ཅན་ཚུ་གི་མི་ཚེ་ རང་མགོ་རང་འདྲོངས་དང་ མཐར་འཁྱོལ་ཅན་བཟོ་ནིའི་ རྒྱབ་སྐྱོར་ལུ་དམིགས་ཏེ་ མི་དབང་རྒྱལ་བཙུན་ཡིག་ཚང་གི་འོག་ལུ་ སྤྱི་ལོ་༢༠༡༩ ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
གསལ་བ་གི་དམིགས་ཡུལ་དེ་ དབང་པོ་སྐྱོན་ཅན་ཚུ་ལུ་ མཁོ་ཆེ་བའི་ཅ་ལ་རྐྱངམ་གཅིག་ མཁོ་སྒྲུབ་འབད་ནི་མེན་པར་ རིག་པ་གསར་བཟོ་དང་ མཐའ་འཁོར་ལུ་ཡོད་པའི་མི་ཚུ་དང་ འབྲེལ་བ་འཐབ་ཚུགས་ནི་ བློ་སྤོབས་འཐོབ་ནི་ དེ་ལས་ རང་སོའི་རྒྱུད་ལུ་ རིག་རྩལ་གསརཔ་འཐོབ་ཚུགས་ནིའི་དོན་ལུ་ཨིན་པས།
ལས་རིམ་དེ་ མཐར་འཁྱོལ་ཅན་བཟོ་ཐབས་ལུ་ ཊའི་ཀ་གིས་ གྲོགས་རམ་ཐོག་ལས་ སྦྱོང་བརྡར་པ་ཚུ་ ལྕོགས་གྲུབ་ཅན་ཅིག་ བཟོ་ནི་ཨིན་པས།
གསལ་བ་གི་ འཛིན་སྐྱོང་མདོ་ཆེན་ དཔལ་ལྡན་ཚེ་རིང་གིས་ སླབ་མིའི་ནང་ ཊའི་ཀ་གིས་ མི་སྡེ་ནང་ གྲོགས་རམ་འབད་མི་དེ་ སེམས་ཤུགས་བསྐྱེད་བཅུག་ནི་ཨིནམ་མ་ཚད་ དཔེ་སྟོན་བཏུབ་པའི་ ལས་སྡེ་ཅིག་ཨིན་པས།
མོ་གིས་ སླབ་མིའི་ནང་ རྫམ་བཟོ་ནིའི་སྦྱོང་བརྡར་ལུ་ གདམ་ཁ་རྐྱབ་དགོ་པའི་ གནད་དོན་གཞན་ཡང་ རྫམ་བཟོ་ནི་དེ་ ལག་བཟོ་རྐྱངམ་གཅིག་མེན་པར་ དབང་པོ་སྐྱོན་ཚུ་ ལག་བཟོ་ལུ་བརྟེན་ མི་དང་གཅིག་ཁར་ འབྲེལ་བ་འཐབ་ཚུགས་པ་གིས་མ་ཚད་ སེམས་ལུ་ཞི་བདེ་ འཐོབ་ཚུགས་ཟེར་ཨིན་པས།
ལས་རིམ་གྱིས་ ཚོང་འབྲེལ་འཐབ་ནི་དང་ རང་བཞིན་གནས་སྟངས་ལུ་ གནོད་སྐྱོན་རྐྱབ་ནི་ལས་ འཛེམ་ཚུགས་པའི་ཁར་ འགྱིབ་ཤོག་གིས་ བཟོ་སྐྲུན་འབད་ཡོད་པའི་ ཅ་ཆས་ཚུ་ ལག་ལེན་འཐབ་ནི་ལས་ཡང་ མར་ཕབ་འབད་ཚུགས་པའི་ ཁེ་ཕན་འབྱུང་ཚུགས་ཟེར་ཨིན་པས།
ཚན་རིག་ཁ་ཐུག་ལས་འབད་རུང་ ལག་བཟོ་ལུ་བརྟེན་ སྦྱོང་བརྡར་བ་ཚུ་གི་རྒྱུད་ལུ་ སེམས་ལུ་ཞི་བདེ་འཐོབ་ནི་དང་ ལཱ་ཚུ་འབད་བའི་སྐབས་ དམིགས་ཡུལ་གཅིག་ལུ་ དམིགས་བསྐྱེད་ཚུགས་ཟེར་ཨིན་པས།
རིག་རྩལ་ཚུ་ གོང་འཕེལ་འགྱོ་མི་དང་འབྲེལ་ དབང་པོ་ལུ་ སྐྱོན་ཞུགས་ཏེ་འབད་རུང་ སྦྱོང་བརྡར་དེ་གིས་ སློབ་ཕྲུག་ཚུ་ལུ་ བློ་སྤོབས་འཐོབ་ཚུགས་པའི་ཁར་ མཉམ་འབྲེལ་ཐོག་ལས་ ལྷབ་སྦྱང་འབད་ཚུགས་པས་ཟེར་ དཔལ་ལྡན་ཚེ་རིང་གིས་ བཤདཔ༌ཨིན༌པས།
སྤྱི་ལོ་༢༠༢༣ གྱི་ རྒྱལ་ཡོངས་གསོ་བའི་བརྟག་ཞིབ་དང་འཁྲིལཝ་ད་ དབང་པོ་ལུ་ ཐོ་ཕོག་མི་ སྐྱེས་ལོ་༥ ཡན་ཆད་འབད་མི་ ཡོངས་བསྡོམས་ལུ་༤༨,༠༠༠ ཡོདཔ་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཟླ་རིམ་བཞིན་དུ་ ཨ་ལུ་དང་འབྲེལ་བའི་ དཀའ་ངལ་ཡོད་མི་ཚུ་ སྐྱེས་དོ་ཡོདཔ་ལས་ གསོ་བའི་མཁས་མཆོག་ཚུ་དང་འཁྲིལ་བ་ཅིན་ འཕྲལ་མགྱོགས་ར་ ཁོང་གི་ མི་ཚེ་ལེགས་ཤོམ་སྦེ་ སྐྱོང་ཚུགས་ནིའི་ལས་རིམ་ཚུ་ བཟོ་དགོཔ་འདུག་ཟེར་ཨིན་པས།
པདྨ་དྲུང་ཆེན་བཀོད་ཚོགས་ཀྱི་ཁྲི་འཛིན་ དྲགོས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ དབང་པོ་སྐྱོན་ཅན་ཚུ་ལུ་ གོ་སྐབས་ཉུང་སུ་ཅིག་ལས་བརྒལ་ མ་ཐོབ་སྟེ་མེད་རུང་ མི་དབང་རྒྱལ་བཙུན་མཆོག་གིས་གནང་མི་ བཀའ་སློབ་ལུ་བརྟེན་ ལས་སྡེ་གསརཔ་ འགོ་བཙུགས་ནི་ལུ་ སེམས་ཤུགས་ཐོབ་ཡོདཔ་མ་ཚད་ ཞབས་ཏོག་དེ་གིས་ མི་སྡེ་དང་ སློབ་གྲྭ་ཁག་ལས་ཕར་ དབང་པོ་ལུ་ ཐོ་ཕོག་མི་ཚུ་ལུ གྲོགས་རམ་འབད་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལག་བཟོའི་རིག་རྩལ་སྦྱོང་བརྡར་གྱིས་ དབང་པོ་སྐྱོན་ཅན་འབད་མི་ ཨ་ལུ་ཚུ་དང་ མི་སྡེ་ནང་ཡང་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སངས་རྒྱས་མཚོ་མོ། ཚེ་རིང་གཡུ་སྒྲོན། བདེ་ཆེན་དབང་མོ།

Advertisement