༉ ང་བཅས་རྒྱལ་ཁབ་དེ་ གཞན་ལུ་བརྟེན་དགོ་པའི་ རྒྱལ་ཁབ་ཅིག་འབད་ནི་དེ་གིས་ མིའི་ཚེ་སྲོག་ལུ་ ཉེན་ཁ་ཡོད་པའི་ཁར་ ཉེན་སྐྱོབ་དང་ སྔོན་འགོག་འབད་ནི་ལུ་ཡང་ གདོང་ལེན་ཅན་ཅིག་ཨིན་མས།
དེ་ཡང་ འབྲུག་ཟ་ཆས་དང་ སྨྱོ་རྫས་དབང་འཛིན་གྱིས་ ནང་འདྲེན་འབད་མི་ ཨོམ་གྱི་རིགས་ནང་ རྫས་སྦྱོར་ཚད་གཞི་ལས་བརྒལ་ཏེ་ ཡོད་པའི་གནད་དོན་ཐོག་ལུ་ ཨོམ་ནང་འདྲེན་འབད་མི་ ཚོང་མགྲོན་པ་ཚུ་དང་གཅིག་ཁར་ མཁོ་གལ་གནད་དོན་ཚུ་གི་ གོ་བརྡའི་གོ་བསྡུར་ཞལ་འཛོམས་ཅིག་ཡང་ འགོ་འདྲེན་འཐབ་ནུག།
དབང་འཛིན་གྱིས་ ནང་འདྲེན་གྱི་གནད་དོན་ཐོག་ལུ་ གནས་ཚད་ཅན་གྱི་ལམ་སྟོན་དང་ ཚད་གཞི་ཚུ་ མི་མང་གི་ གསོ་བའི་འཕྲོད་བསྟེན་ལུ་དམིགས་ཏེ་ བཀོད་སྒྲིག་འབད་ནི་སྦེ་ གྲོས་ཐག་བཅད་ནུག།
དབང་འཛིན་གྱིས་ སྤྱི་ཟླ་བདུན་པ་འགོ་བཙུགས་པའི་བསྒང་ལས་ རྫས་སྦྱོར་མཐོ་སུ་ཡོད་པའི་ ཨེ་ཕི་ལེ་ཊི་ཟིན་ཨེམ་༡ འབད་མི་ཨོམ་ཚུ་ ཚུལ་མཐུན་ཡོད་མེད་ བརྟག་ཞིབ་འབད་ནི་ འགོ་བཙུགས་ནི་ཨིན་མས།
འདི་བཟུམ་གྱི་རྫས་སྦྱོར་ ཨེ་ཕི་ལེ་ཊི་ཟིན་ཨེམ་༡ ཟེར་མི་དེ་ ཨོམ་ནང་མཐོ་སུ་མཚམས་ཅིག་སྦེ་ ཐོན་མི་བསྒང་ལས་ ཨོམ་ལོང་སྤྱོད་མི་ཚུ་ལུ་ ཉེན་ཁ་ཡོདཔ་མ་ཚད་ དམིགས་བསལ་གྱི་ ན་ལོན་ཚུ་ལུ་ ཐོ་སྦོམ་སྦེ་ར་ཕོག་ནི་མས།
དབང་འཛིན་གྱིས་ གསལ་བསྒྲགས་འབད་བའི་ ཉིནམ་ལས་འགོ་བཙུགས་ ཡོངས་གྲགས་ཅན་གྱི་ ནང་འདྲེན་འབད་མི་ཨོམ་ཚུ་ ཉུང་སུ་སོངམ་མ་ཚད་ སྣ་ཚོགས་ཚོང་ཁང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཨོམ་ཚུ་བཟོ་གྲྭ་ཁང་ནང་ལས་ར་ ཉུང་སུ་སོང་ཡོདཔ་སྦེ་ཨིན་མས།
སྤྱིར་བཏང་ ང་བཅས་ཀྱི་གཟུགས་ཁ་ལུ་ ཨོམ་དེ་ བཅུད་ལྡན་དང་ མེད་ཐབས་མེདཔ་ཅིག་སྦེ་ཡོདཔ་ད་ ཨོམ་ནང་ལས་ ང་བཅས་ཀྱིས་ བཅུད་ལྡན་གྱི་ ཆ་ཤས་ལེ་ཤ་ཅིག་ར་ཐོབ་ཨིན།
ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཨོམ་ཚུ་ལངམ་སྦེ་མེད་པའི་བསྒང་ལས་ ཐབས་ར་མེད་པར་ ནང་འདྲེན་ལུ་བརྟེན་དོ་ཡོདཔ་ད་ ནང་འདྲེན་ཨོམ་ནང་ རྫས་སྦྱོར་ཚུལ་ལྡན་མེདཔ་ འདྲཝ་འབད་བ་ཅིན་ དེ་གིས་ གནོད་ཉེན་ཚུ་སྦོམ་ར་ཡོདཔ་ལས་ དབང་འཛིན་གྱིས་ ཨོམ་ནང་རྫས་སྦྱོར་ ཨེ་ཕི་ལེ་ཊི་ཟིན་ཨེམ་༡ འབད་མི་ མཐོ་སུ་ཡོདཔ་སྦེ་ སླབ་པའི་སྐབས་ལུ་ དེ་ཅིག་ར་ སྣང་བདག་བསྐྱེད་མ་བཏུབ་ད་ མང་ཤོས་ཅིག་གིས་ ཨོམ་གྱིས་ རང་དང་ ཨ་ལོ་ཚུ་ལུ་ ཕན་ཁྱད་ག་དེ་སྦེ་ར་ཡོདཔ་ཨིན་ན་ཡང་ ཧ་མ་གོ་བར་འདུག།
ད་རེས་ ཨོམ་རྫས་སྦྱོར་ཚད་ལས་བརྒལ་ཡོད་མི་ཚུ་ བཀག་དམ་འབད་མི་གིས་ མ་འོངས་ཡུན་རིང་ལུ་ མི་མང་གི་ འཕྲོད་བསྟེན་ལུ་ ཕན་ཐོགས་འབྱུང་ནི་དང་ འདི་བཟུམ་གྱི་ གནས་ཚད་དང་ མ་ལྡནམ་སྦེ་ཐོན་ཞིནམ་ལས་ཚུར་ དབང་འཛིན་གྱིས་ ད་རུང་ ཨི་ཐི་ལེན་ཨོ་ཟེཊ་ ཞིབ་དཔྱད་འབདཝ་ད་ དེ་ཚུ་ཡང་ ཚུལ་ལྡན་མེདཔ་སྦེ་ ཐོན་ཡོདཔ་ལས་ རྒྱལ་ཁབ་མང་ཤོས་ཅིག་ནང་ བཀག་དམ་འབད་བའི་ཁར་ རྫས་སྦྱོར་འདི་ལུ་བརྟེན་ མི་ལུ་ནད་གཞི་ ཀེན་སར་འཐོབ་ཉེན་ སྦོམ་ར་ཡོདཔ་སྦེ་ཨིན་མས།
ད་རུང་ དབང་འཛིན་ལུ་ ཚ་གྱང་ཅིག་དེ་ ནང་འདྲེན་འབད་མི་ ཟ་ཆས་ཀྱི་ རིགས་ཚུ་ནང་ཡང་ ག་ཅི་ཡོདཔ་ཨིན་ན་ཟེར་ཨིནམ་ད་ ང་བཅས་ཀྱིས་ སྤྱོད་དེ་ཡོད་པའི་ ཟ་ཆས་ཀྱི་རིགས་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ དགོཔ་ཡོདཔ་བཞིན་དུ་ དབང་འཛིན་གྱིས་ མི་མང་ལུ་ ཁོང་གིས་སྤྱོད་དེ་ཡོད་པའི་ ཟ་ཆས་ཀྱི་རིགས་ཚུ་ལུ་ ཚ་གྱང་འབག་སྟེ་ ཞིབ་དཔྱད་དང་ བརྟག་དཔྱད་ཚུ་འབདཝ་མས།
ནང་འཁོད་ལས་ཐོན་སྐྱེད་འབད་མི་ཚུ་གིས་ གོ་སྐབས་ལེན་ཏེ་ ཨུ་ཚུགས་བསྐྱེད་དོ་ཡོད་རུང་ ནང་འདྲེན་དེ་ ཨང་དང་པའི་གྲངས་སུ་ར་ཡོདཔ་ལས་ འབྲུག་རྒྱལ་ཁབ་ཀྱིས་ རྒྱ་གར་དང་ཕྱདཔ་ད་ ཚོང་འབྲེལ་ནང་ ཤུགས་དེ་ཅིག་ར་ བཏོན་མི་ཚུགས་པས།
གཞན་ཡང་ ང་བཅས་ཀྱི་ཚོང་འབྲེལ་དེ་ གོང་ཁེ་སུ་ལུ་ གདམ་ཁ་རྐྱབ་སྟེ་ཡོདཔ་ལས་ གོམ་འདྲིས་དེ་ལུ་བརྟེན་ མ་འོངས་པར་ འཕྲོད་བསྟེན་ལུ་ ཉེན་ཁ་བཀལཝ་ཨིན་མས།
དབང་འཛིན་གྱིས་ ཐབས་བྱུས་ཚུ་ བཏོན་དོ་ཡོད་མི་དང་འབྲེལ་ མི་མང་གི་ཁ་ཐུག་ལས་ གོ་སྐབས་ལེན་ཏེ་ མ་འབད་བ་ཅིན་ ལག་ལེན་དེ་གིས་ ཡུན་རིང་ལུ་ གནོད་པ་སྦོམ་ར་འབྱུང་ནི་ཨིནམ་ལས་ ག་ར་གིས་ དྲན་ཚོར་ཐོག་ ལག་ལེན་འཐབ་དགོཔ་འདུག།

Advertisement