༉ ཕིབ་སུ་དང་ གསར་སྤང་ལུ་ ཚད་པའི་ནད་གཞི་གི་ བརྟག་ཞིབ་འབད་བའི་སྐབས་ ལོ་༣ སྦྱེལཝ་སྦྱེལ་ས་ ནད་གཞི་ཐོབ་ཡོད་པའི་ སྙན་ཞུ་མེདཔ་སྦེ་ མངོན་གསལ་བྱུང་པའི་ཤུལ་ལུ་ འབྲུག་གིས་ རྒྱལ་ཁབ་ནང་ ཚད་ནད་མེདཔ་བཟོ་ནི་གི་ གནས་སྟངས་ནང་ ལྷོད་དེ་ཡོདཔ་ཨིན་པས།

གལ་སྲིད་ ད་ལྟོ་འབད་བའི་བསྒང་ཡོད་མི་ ཞིབ་དཔྱད་ནང་ ཚད་ནད་དེ་ རྒྱལ་ཁབ་ནང་ལས་ ཐོན་ཏེ་མེདཔ་སྦེ་ གཏན་འཁེལ་བྱུང་པ་ཅིན་ འབྲུག་འདི་ མཛམ་གླིང་གསོ་བའི་ཚོགས་སྡེ་གིས་ སྤྱི་ལོ་༢༠༢༥ འི་ནང་འཁོད་ལུ་ ཚད་ནད་མེད་པའི་ ལག་ཁྱེར་འཐོབ་ནི་ཨིན་པས།
མ་གཞི་ རྒྱལ་ཁབ་ཀྱིས་ ཚད་ནད་དེ་ སྤྱི་ལོ་༢༠༢༨ ལུ་ མེདཔ་བཟོ་ནི་གི་ དམིགས་གཏད་ཡོད་རུང་ འབད་མ་ཚུགསཔ་ཨིན་པས།

ཕིབ་སུ་ས་ཁོངས་ནང་ ཚད་ནད་མ་ཐོན་པར་ ལོ་༩ ལང་ཡོདཔ་ད་ མ་གཞི་ ཞིབ་དཔྱད་འབད་བའི་བསྒང་ཡོད་རུང་ གསོ་བའི་འགོ་དཔོན་ཚུ་གིས་ ནད་གཞི་ཚུ་ཡང་ ས་མཚམས་ཕྱི་ཁ་ལས་ སྤེལ་དོ་ཡོད་པའི་ དོགས་པ་ཡོདཔ་ཨིན་པས།

ཚད་ནད་ཚད་འཛིན་ལས་རིམ་ལས་ འབུ་སྲིན་རིག་པའི་མཁས་མཆོག་ རིག་འཛིན་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཞིབ་དཔྱད་སྙན་ཞུ་དེ་ བསྐྱར་ཞིབ་ཀྱི་དོན་ལུ་ ཚད་ནད་མེདཔ་བཟོ་ནིའི་ ལས་བྱེད་ཚོགས་ཆུང་ལུ་ བྱིན་འོང་ཟེར་ཨིན་པས།

འཛམ་གླིང་གསོ་བ་ཚོགས་སྡེ་གིས་ ངོ་སྦྱོར་འབད་ནིའི་དོན་ལས་ ཚད་པའི་ནད་གཞི་དེ་ ལོ་༣ སྦྱེལཝ་སྦྱེལ་ས་ རྒྱལ་ཡོངས་ནང་ ནད་གཞི་ཐོན་ཏེ མེདཔ་སྦེ་དགོཔ་ཨིན་པས།

ཐབས་ལམ་ཚུ་ ལེ་ཤ་ར་ བཏོན་ཏེ་ཡོདཔ་ད་ གསོ་བའི་འགོ་དཔོན་ཚུ་གིས་ འཛམ་གླིང་གསོ་བའི་ཚོགས་སྡེ་ལས་ ཚད་ནད་མེད་པའི་ ངོ་སྦྱོར་འཐོབ་ནི་གི་ བློ་སྟོབས་ཐོབ་སྟེ་ཡོདཔ་ད་ སྤྱི་ཟླ་༡༡ པའི་ནང་ ཤར་ལྷོ་ཨེ་ཤི་ཡ་གི་ འཛམ་གླིང་གསོ་བའི་ཚོགས་སྡེ་ལུ་ ཡི་གུ་འབྲི་ནིའི་ ལས་རིམ་ཡོདཔ་ད་ དེ་གི་ཤུལ་ལས་ ཚོགས་སྡེའི་མཁས་མཆོག་གིས་ གནས་སྟངས་དབྱེ་ཞིབ་འབད་བར་འོང་སྟེ་ འཛམ་གླིང་གསོ་བའི་ཚོགས་སྡེ་གིས་ བདེན་དཔྱད་འབད་དེ་ ལག་ཁྱེར་བྱིན་འོང་ཟེར་ རིག་འཛིན་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།

སྤྱི་ལོ་༢༠༢༢ ལས་ གཟན་དོམ་སིང་རས་བཀྲམ་སྤེལ་འབད་ནི་ འགོ་བཙུགས་པའི་ཁར་ གཟན་དོམ་ཚད་འཛིན་འབད་ནིའི་དོན་ལས་ ཕྱི་ཁ་ལས་ ལོ་བསྟར་ཟུང་ཐོན་ཐོག་ སྨན་ཆུ་ཚུ་ གཏོར་དོ་ཡོདཔ་ད་ སྦྱོང་བརྡར་དང་ གོ་བ་བརྡ་སྤྲོད་འབད་ནི་ལུ་ མི་སྡེའི་སྡེ་ཚན་ཅིག་ཡང་ གཞི་བཙུགས་འབད་ཡོདཔ་ཨིན་པས།

འཛམ་གླིང་གསོ་བའི་ཚོགས་སྡེ་དང་ གསོ་བ་ལྷན་ཁག་གི་ རྒྱབ་སྐྱོར་ཐོག་ལས་ ཉེ་འདབས་ཀྱི་ རྒྱ་གར་མངའ་སྡེ་ ཨ་སམ་དང་ ནུབ་བེང་གཱལ་དང་ མཉམ་འབྲེལ་གཞི་བཙུགས་འབད་དེ་ ཡོདཔ་ཨིན་པས།

གསར་སྤང་སྨན་ཁང་ནང་ ཨ་སམ་ས་རཱལ་པ་ར་ལུ་ སྡོད་མི་ཚུ་ ཚད་ནད་ཐོབ་ཡོདཔ་སྦེ་ བརྟག་དཔྱད་འབད་བ་ཅིན་ རྒྱ་གར་ ཅི་རང་རྫོང་ཁག་གི་ མཉམ་རོགས་ཚུ་དང་ སྙན་ཞུ་འབད་དེ་ ནད་གཞི་དར་ཁྱབ་སོང་བའི་ མི་སྡེ་ནང་ བརྟག་དཔྱད་འགོ་འདྲེན་འཐབ་དོ་ཟེར་ རིག་འཛིན་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།

ཚད་ནད་དར་ཁྱབ་གཏང་ནི་ལས་ བཀག་ཐབས་དང་ ཚད་འཛིན་འབད་ནིའི་དོན་ལས་ གསར་སྤང་གི་ རྒེད་འོག་༡༠ ནང་ མི་སྡེ་འཐུས་མི་ཚུ་ལུ་ ཉིན་གྲངས་༢ ཀྱི་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་ད་ སྦྱོང་བརྡར་དེ་ཡང་ ཚད་ནད་ཚད་འཛིན་དང་ ལས་རིམ་ གསར་སྤང་རྫོང་ཁག་གསོ་བའི་སྡེ་ཚན་གྱིས་ ལོ་༢ ཀྱི་རྒྱབ་ལས་ ལོག་འགོ་བཙུགས་ཡོདཔ་ཨིན་པས།
སྦྱོང་བརྡར་ནང་ ཚད་ནད་དང་འབྲེལ་བའི་ སྦྱོང་བརྡར་དང་ ནད་གཞི་དར་ཁྱབ་ དེ་ལས་ ཆུ་གཙང་སྦྲ་གལ་ཅན་ དེ་ལས་ ཚད་ནད་བཀག་ཐབས་ལུ་ མཐར་འཁོར་ཧིང་སངས་ས་བཞག་ འཆོལ་ནད་ཚད་འཛིན་སྐོར་ལས་ བྱིན་དོ་ཡོདཔ་ཨིན་པས།

གསར་སྤང་རྫོང་ཁག་གི་ མི་མང་གསོ་བའི་འགོ་དཔོན་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱི་འོག་རེ་ལས་ འཐུས་མི་༥ གིས་ རང་སོའི་རྒེག་འོག་ལྟེ་བའི་ནང་ སྦྱོང་བརྡར་ཚུ་ འབད་ཡོདཔ་ད་ ལས་རིམ་ནང་ གོ་ལོ་བཱ་མ་དངུལ་གྱིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

སྤྱི་ལོ་༡༩༩༠ ལུ་ ཚད་ནད་ཐོབ་མི་༣༠,༠༠༠ ཡོད་མི་ལས་ སྤྱི་ལོ་༢༠༢༢ ལུ་ ཚད་ནད་ཐོབ་མིའི་ སྙན་ཞུ་༥ ལུ་ མར་ཕབ་འབད་ཡོདཔ་ད་ སྤྱི་ལོ་༢༠༡༩ ལས་ འགོ་བཙུགས་ཏེ་ ཚད་ནད་ལུ་བརྟེན་ ཤི་རྐྱེན་བྱུང་པའི་ སྙན་ཞུ་མེདཔ་ད་ སྤྱི་ལོ་༢༠༡༨ དང་༢༠༡༧ ལུ་ མི་ངོམ་རེ་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༣ ལུ་ དམིགས་གཏད་འགྲུབ་ནི་གི་ སྔོན་འགྲོའི་གནས་སྟངས་ནང་ ལྷོད་ཡོད་རུང་ ས་མཚམས་ལས་ཕར་ ནད་གཞི་ཐོབ་བཞིན་སྡོད་ཡོདཔ་ལས་ རྒྱུན་སྐྱོང་འཐབ་མ་ཚུགསཔ་ཨིན་པས།

སྤྱི་ལོ་༢༠༢༠ ལུ་ ས་མཚམས་བདའ་སྟེ་ ཚད་ནད་ཐོན་ཡོདཔ་ལས་ དམིགས་གཏད་དེ་ འགྲུབ་མ་ཚུགས་པར་ ལུས་པའི་གུ་ ཀོ་བིཌ་-༡༩ གིས་ཡང་ བར་ཆད་རྐྱབ་ཡོདཔ་ཨིན་པས།

ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ འདས་པའི་ལོ་༢ ནང་ ནང་འཁོད་ལས་ ནད་གཞི་ཐོབ་ཡོད་པའི་ སྙན་ཞུ་ཕུད་རྡོག་ཅིག་ཡང་ མ་ལྷོད་རུང་ ས་མཚམས་ཕྱི་ཁར་ ནད་གཞི་ཐོབ་སྟེ་འོང་མི་དེ་ མ་ཆད་པར་ འོངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ནད་གཞི་ཐོབ་མི་ཚུ་གི་ རྒྱུན་འགྲུལ་ག་ཏེ་ལུ་ར་ འཐབ་ཡོདཔ་ཨིན་ན་ ཤེས་མ་ཚུགས་མི་དེ་ཡང་ བརྡ་དོན་ཚུ་ཕྲང་སྟེ་ སླབ་མ་བཏུབ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

སྤྱི་ལོ་༢༠༡༥ དང་༢༠༡༦ ལུ་ ཤར་ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ རྒྱལ་ཁབ་ཀྱི་འཐུས་མི་ མལ་དེབསི་དང་ ཤྲིལངྐ་བརྩིས་ཏེ་ རྒྱལ་ཁབ་༢༢ དང་ མངའ་སྡེ་ཚུ་ ཚད་ནད་མེད་པའི་ རྒྱལ་ཁབ་ཅིག་སྦེ་ ངོ་སྦྱོར་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement