༉ འཆར་གཞི་༡༣ པའི་ནང་ མི་མང་བུ་ལོན་དེ་ བརྒྱ་ཆ་༦༡.༨༧ དེ་ཅིག་ ཡར་སེང་འགྱོ་ནི་གི་ ཚོད་རྩིས་བཏོན་ཡོདཔ་ཨིན་པས།
དེ་ཡང་ དུས་ཅི་ སྤྱི་ཟླ་༣ པའི་ནང་ མི་མང་བུ་ལོན་ དངུལ་ཀྲམ་ཐེར་འབུམ་༢༩༣.༠༩ ཡོད་མི་ལས་ འཆར་གཞི་༡༣ པ་ མཇུག་བསྡུ་བའི་སྐབས་ དངུལ་ཀྲམ་ཐེར་འབུམ་༤༧༤.༤༢ དེ་ཅིག་ ཡར་འཕར་འགྱོ་ནི་ཨིན་པས།
འཆར་གཞི་༡༣ པའི་ནང་ མི་མང་བུ་ལོན་ཡར་སེང་གི་ དམིགས་གཏད་བསྐྱེད་མི་དེ་ ནང་འཁོན་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༩༤.༨ ཀྱི་རྩིས་འོང་ནི་ཨིནམ་ད་ བུ་ལོན་ཡོངས་བསྡོམས་ལས་ བརྒྱ་ཆ་༨༢.༨ (དངུལ་ཀྲམ་ཐེར་འབུམ་༣༩༢.༦༧)དེ་ ཕྱིའི་བུ་ལོན་དང་ དངུལ་ཀྲམ་ཐེར་འབུམ་༨༡.༧༥ (བརྒྱ་ཆ་༡༧.༢)དེ་ ནང་འཁོད་བུ་ལོན་ཨིན་པས།
གློག་མེ་དང་འབྲེལ་བའི་བུ་ལོན་དེ་ བུ་ལོན་ཡོངས་བསྡོམ་ལས་ བརྒྱ་ཆ་༧༣.༣ དང་ གློག་མེ་མིན་པའི་ བུ་ལོན་དེ་ ལྷག་ལུས་བརྒྱ་ཆ་༢༦.༧ ཨིན་པས།
ཨིན་རུང་ ཕྱིའི་བུ་ལོན་དེ་ འཆར་གཞི་༡༣ པ་ མཇུག་བསྡུ་བའི་སྐབས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༩༢.༩ ལས་ བརྒྱ་ཆ་༧༨.༥ ལུ་ མར་འབབ་འགྱོ་ནི་གི་ དམིགས་གཏད་བསྐྱེད་ཡོདཔ་ཨིན་པས།
འཆར་གཞི་༡༣ པ་དང་འཁྲིལ་བ་ཅིན་ འཛམ་གླིང་དངུལ་ཁང་གིས་ འབྲུག་གི་ ཕྱིའི་བུ་ལོན་དེ་ ཉེན་ཁ་བར་མ་ནང་ཡོདཔ་སྦེ་ དབྱེ་ཁག་བཟོ་ཡོདཔ་བཞིན་དུ་ ཁོང་གིས་འབད་བ་ཅིན་ མི་མང་བུ་ལོན་གསོག་འཇོག་དང་ བུ་ལོན་དང་འབྲེལ་བའི་ སྟབས་མ་བདེཝ་འབྱུང་ནི་དེ་ གལ་ཅན་གྱི་ གནད་དོན་ཅིག་སྦེ་ བཀོད་ཡོདཔ་ཨིན་པས།
འཆར་གཞི་༡༣ པའི་ནང་ ནང་འཁོད་འོང་འབབ་དེ་ དངུལ་ཀྲམ་ཐེར་འབུམ་༣༢༧.༣༥ དང་ གནང་བྱིན་དེ་ དངུལ་ཀྲམ་ཐེར་འབུམ་༡༢༥ འོང་ནི་གི་ དམིགས་གཏད་བསྐྱེད་ཡོདཔ་ད་ ཁྲལ་གྱི་འོང་འབབ་ཀྱིས་ ནང་འཁོད་འོང་འབབ་ལུ་ དངུལ་ཀྲམ་ཐེར་འབུམ་༢༣༠.༦༢ དང་ ཁྲལ་མིན་པའི་ འོང་འབབ་དེ་ དངུལ་ཀྲམ་ཐེར་འབུམ་༩༦.༧༢ ལྷན་ཐབས་འབད་ནི་སྦེ་ ཚོད་རྩིས་བཏོན་ཡོདཔ་ཨིན་པས།
འཆར་གཞི་༡༣ པའི་ནང་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༥༡༢.༢༩ བགོ་བཀྲམ་འབད་མི་དེ་ འཆར་གཞི་༡༢ པ་ལས་ བརྒྱ་ཆ་༦༣ དེ་ཅིག་ ཡར་སེང་སོང་་ཡོདཔ་ད་ འཆར་དངུལ་ཡོངས་བསྡོམས་ལས་ རྒྱུན་སྐྱོང་གི་ཟད་འགྲོ་ དངུལ་ཀྲམ་ཐེར་འབུམ་༢༦༧.༢༨ དང་ གསར་སྒྲུབ་ཟད་འགྲོ་ དངུལ་ཀྲམ་ཐེར་འབུམ་༢༤༥ ཡོདཔ་ཨིན་པས།
ཐོན་ཁུངས་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༤༥༦.༣༥ ཚོད་རྩིས་བཏོན་ཡོདཔ་ད་ རྩིས་ཆད་ཐད་ཁར་ དངུལ་ཀྲམ་ཐེར་འབུམ་༥༥.༩༤ འབདཝ་ད་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༢.༩༧ གི་རྩིས་འཐོན་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་པས།
འོང་འབབ་ལྷག་ཐོན་གྱིས་ གསར་སྒྲུབ་ཟད་འགྲོ་ བརྒྱ་ཆ་༢༤.༥ དེ་ གནང་བྱིན་གྱིས་ བརྒྱ་ཆ་༥༡ གི་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་འབད་ནི་ཨིནམ་ད་ ལྷག་ལུས་བརྒྱ་ཆ་༢༤.༥ དེ་ ཕབ་ཆག་ཐོག་གི་ ཕྱིའི་སྐྱིན་འགྲུལ་དང་ ནང་འཁོད་སྐྱིན་འགྲུལ་ལས་ གཏང་ནི་ཨིན་པས།
ཕྱིའི་གནང་བྱིན་ཆ་ཤས་ཅིག་ རྒྱ་གར་ལས་ དངུལ་ཀྲམ་ཐེར་འབུམ་༨༥ དང་ དངུལ་ཀྲམ་ཐེར་འབུམ་༤༠ དེ་ ཕབ་ཆག་དངུལ་འབྲེལ་ འཛམ་གླིང་དངུལ་འབྲེལ་གཙུག་སྡེ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་དང་ འཛམ་གླིང་དངུལ་ཁང་ལས་ ལེན་ནི་ཨིན་པས།
དེ་བཟུམ་སྦེ་ ནང་འཁོད་འཆར་དངུལ་དེ་ གཞུང་གི་འགན་ལེན་དང་ མཛོད་དངུལ་འཛིན་ཤོག་ཐོག་ལས་ ལེན་ནི་ཨིནམ་བཞིན་དུ་ དེ་ཡང་ རྩིས་ཆད་བསུབ་ནི་གི་ ཐབས་ལམ་ཅིག་ཨིན་པས།
དུས་ཅི་ སྤྱི་ཟླ་༣ པའི་ནང་འཁོད་ལུ་ རྒྱལ་ཡོངས་ཀྱི་བུ་ལོན་ དངུལ་ཀྲམ་ཐེར་འབུམ་༢༩༣.༠༩ ཡོད་མི་དེ་ རྩིས་ལོ་༢༠༢༣-༢༤ ལུ་ ནང་འཁོད་སྐྱེད་ཡོངས་འབོར་དམིགས་གཏད་བསྐྱེད་མི་ལས་ བརྒྱ་ཆ་༡༠༩.༨ ཀྱི་རྩིས་ཨིན་པས།
ཕྱིའི་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༢༦༡.༡༣ དང་ ནང་འཁོད་བུ་ལོན་དེ་ བུ་ལོན་ཡོངས་བསྡོམས་ལས་ དངུལ་ཀྲམ་ཐེར་འབུམ་༣༡.༩༧ ཡོདཔ་ཨིན་པས།
གློག་མེའི་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༡༦༧.༥ ཡོད་མི་ལས་ ཕྱིའི་བུ་ལོན་བརྒྱ་ཆ་༦༤.༡ ཡོད་མི་དེ་ རྩིས་ལོ་༢༠༢༣-༢༤ ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ ཚོད་རྩིས་ལས་ བརྒྱ་ཆ་༦༢.༨ ཨིན་པས།
གློག་མེ་མིན་པའི་ ཕྱིའི་བུ་ལོན་ དངུལ་ཀྲམ་ཐེར་འབུམ་༩༣.༦༢ ཡོད་མི་དེ་ ཕྱིའི་བུ་ལོན་ཡོངས་བསྡོམས་ལས་ བརྒྱ་ཆ་༣༥.༩ ཨིན་པས།
འཆར་གཞི་༡༣ པའི་ནང་ འཆར་གཞི་ཡིག་ཆ་དང་འཁྲིལ་བ་ཅིན་ གློག་མེ་མིན་པའི་བུ་ལོན་དེ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ཚད་གཞི་ བརྒྱ་ཆ་༥༣ གྱི་ནང་འཁོད་ལུ་ རྒྱུན་སྐྱོང་འཐབ་ཡོད་རུང་ བུ་ལོན་གྱི་གནས་སྟངས་ ལེགས་ཤོམ་སྦེ་ ལྟ་རྟོག་འབད་ནི་དེ་ དགོས་མཁོ་ཅན་ཅིག་ལུ་ འགྱུར་ཡོདཔ་ཨིན་པས།
འཆར་གཞི་༡༣ པའི་ དམིགས་གཏད་ནང་ སྤྱིར་སྙོམས་རྩིས་ཆད་དེ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༣ བཞག་དགོཔ་ད་ ཁྲལ་ལས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ཆ་ཚད་ བརྒྱ་ཆ་༡༤ ཡན་ཆད་ འགྲུབ་དགོཔ་ད་ གློག་མེ་མིན་པའི་བུ་ལོན་དེ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༥༥ འོག་རྒྱུ་ བཞག་དགོཔ་སྦེ་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement