༉ བང་ལ་དེཤི་ལུ་ འདས་པའི་ཟླཝ་ཅིག་གི་རིང་ སྲིད་འབྲེལ་གནས་སྟངས་ལེགས་ཤོམ་མེད་མི་དེ་ ད་རེས་ ལེགས་བཅོས་འགྱོ་མི་དང་བསྟུན་ འབྲུག་པའི་སློབ་ཕྲུག་ཚུ་གིས་ ཁོང་རའི་ དཔེ་ཆ་འཕྲོ་མཐུད་ལྷབ་ནིའི་དོན་ལུ་ ལོག་འགྱོ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཕྱི་འབྲེལ་དང་ཕྱིར་ཚོང་ལྷན་ཁག་དང་འཁྲིལཝ་ད་ བང་ལ་དེཤི་ལུ་ དཔེ་ཆ་ལྷབ་མི་ འབྲུག་པའི་སློབ་ཕྲུག་༢༣༧ ཡོད་པའི་གྲས་ལས་ ༢༣༠ གིས་ སྲིད་འབྲེལ་ཟིང་འཁྲུགས་སྐབས་ རྒྱལ་ཁབ་ནང་ ལོག་འོང་ཡོདཔ་ཨིན་པས།
བང་ལ་དེཤི་ལུ་ ཤེས་རིག་སློབ་སྡེ་ཚུ་ སྤྱི་ཟླ་༧ པའི་ཚེས་༡༧ ལས་ གནས་སྐབས་སྒོ་བསྡམས་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ འཕྲལ་ཁམས་ཅིག་ཁར་ ལཱ་གཡོག་ཐོབ་སྐལ་ལམ་ལུགས་ གཞི་བསྒྱུར་འབད་དགོ་པའི་ མཁོ་འདོད་བཀོད་པའི་སྐབས་ ཟིང་འཁྲུགས་ལངམ་ད་ སློབ་ཕྲུག་ཚུ་ལུ་ ཉེན་སྲུང་བཟོ་ཐབས་ཀྱི་དོན་ལུ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༣༡ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་༧ པ་ འཚོགས་པའི་སྐབས་ ཕྱི་འབྲེལ་དང་ཕྱིར་ཚོང་ལྷན་ཁག་གི་ བློན་པོ་ཌི་ཨེན་ དུང་གེལ་གྱིས་ སླབ་མིའི་ནང་ བང་ལ་དེཤི་ལུ་ གནས་སྐབས་གཞུང་འཚོགས་ནི་དེ་གིས་ གནས་སྟངས་ལེགས་བཅོས་སོང་ནུག་ཟེར་ཨིན་པས།
ད་རེས་ སློབ་ཕྲུག་མང་ཤོས་ཅིག་ར་ ཁོང་རའི་ གཙུག་ལག་སློབ་སྡེ་ཚུ་ནང་ ལོག་ལྷོད་ཡོདཔ་ཨིན་རུང་ བདུན་མཐའ་འདི་གི་ནང་འཁོད་ ཌ་ཀ་ལུ་ འབྲུག་གི་ གཞུང་ཚབ་ལས་ཁང་ལས་ དུས་མཐུན་གྱངས་ཁ་ལྷོདཔ་ཅིག་ ལྷན་ཁག་གིས་ སྙན་ཞུ་འབད་འོང་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ཌ་ཀ་ལུ་ འབྲུག་གི་ གཞུང་ཚབ་ལས་ཁང་གིས་ སློབ་ཕྲུག་ཚུ་ལུ་ ཉེན་སྲུང་བཟོ་ནིའི་དོན་ལས་ འབྲེལ་ཡོད་ངོ་ཚབ་དང་ འགོ་དཔོན་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ཡོད་ཟེར་ཨིནམ་ད་ བྲེལ་ཟིང་སྐབས་ བང་ལ་དེཤི་ལུ་ར་སྡོད་མི་ འབྲུག་པའི་སློབ་ཕྲུག་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ཡོད་པའི་ཁར་ སློབ་སྟོན་འགོ་བཙུགས་ཡོདཔ་ཨིན་པས།
བང་ལ་དེཤི་ལུ་ ཤེས་རིག་ལྷན་ཁག་གིས་ སྤྱི་ཟླ་༨ པའི་ཚེས་༡༥ ལུ་ སློབ་སྡེ་ཚུ་ཆ་མཉམ་ར་ ལོག་སྒོ་ཕྱེ་དགོ་པའི་ བཀོད་རྒྱ་གནང་མི་དང་བསྟུན་ སྤྱི་ཟླ་༨ པའི་ཚེས་༡༨ ལུ་ གཙུག་ལག་སློབ་སྡེ་ཚུ་གིས་གཙོས་པའི་ ཤེས་རིག་སློབ་ཁང་དང་ འབྲིང་རིམ་སློབ་གྲྭ་ དེ་ལས་ མཐོ་རིམ་སློབ་གྲྭ་ཚུ་ ལོག་སྒོ་ཕྱེས་ཡོདཔ་ཨིན་པས།
བང་ལ་དེཤི་ལུ་ སྲིད་འབྲེལ་གྱི་ ཉེན་འཚུབས་བྱུང་སྟེ་འབད་རུང་ བང་ལ་དེཤི་དང་གཅིག་ཁར་ འབྲུག་གི་ཚོང་འབྲེལ་འཐབ་མི་ཚུ་ལུ་ ཐོ་མ་ཕོག་པར་ གནས་བཞིན་ཡོད་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement