༉ ཤེས་རིག་དང་རིག་རྩལ་ལྷན་ཁག་གི་ ལས་མི་འཆར་གཞི་དང་ རིག་རྩ་གོང་འཕེལ་ལས་ཁུངས་ཀྱི་ སྙན་ཞུ་ཅིག་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༢༣ ལུ་ རྒྱལ་ཁབ་ནང་ ལཱ་གཡོག་མ་ཐོབ་པའི་ཚད་གཞི་དེ་ བརྒྱ་ཆ་༢.༤ དེ་ཅིག་ མར་བབས་སོང་ནུག།
དེ་ཡང་ སྤྱི་ལོ་༢༠༢༢ ལུ་ ལཱ་གཡོག་མ་ཐོབ་པའི་ ཚད་གཞི་དེ་ བརྒྱ་ཆ་༥.༩ ཡོད་མི་ལས་ ན་ཧིང་ བརྒྱ་ཆ་༣.༥ ལུ་ མར་བབས་སོང་ཡོདཔ་ད་ སྤྱི་ལོ་༢༠༢༡ ལུ་འབད་བ་ཅིན་ བརྒྱ་ཆ་༤.༨ སྡོད་ཡོདཔ་ཨིན་པས།
ན་གཞོན་ལཱ་གཡོག་མ་ཐོབ་མི་དེ་ རྒྱལ་ཁབ་ཀྱི་ ཚ་གྱང་གཙོ་ཅན་ཅིག་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༢༢ ལུ་ བརྒྱ་ཆ་༢༨.༦ ཡོད་མི་ལས་ སྤྱི་ལོ་༢༠༢༣ ལུ་ བརྒྱ་ཆ་༡༥.༩ ལུ་ལྷོད་མི་འབདཝ་ད་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༡༢.༦༣ དེ་ཅིག་ མར་བབས་སོང་ནུག།
དེ་སྦེ་ མར་བབས་སོང་མི་དེ་ཡང་ གྲུབ་འབྲས་སྦོམ་ཤོས་ཅིག་ཨིནམ་ད་ སྤྱི་ལོ་༢༠༢༡ ལུ་ ན་གཞོན་ལཱ་གཡོག་ མ་ཐོབ་པའི་ ཚད་གཞི་དེ་ བརྒྱ་ཆ་༢༠.༩ སྡོད་ཡོདཔ་ཨིན་པས།
ཨམ་སྲུ་ལཱ་གཡོག་མ་ཐོབ་པའི་ ཚད་གཞི་དེ་ རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༢ ལུ་ བརྒྱ་ཆ་༣༢.༨ ཡོད་མི་ལས་ སྤྱི་ལོ་༢༠༢༣ ལུ་ བརྒྱ་ཆ་༡༨.༣ ལུ་ མར་བབས་སོང་ནུག།
དེ་བཟུམ་སྦེ་ ལག་ཤེས་དང་རིག་རྩལ་མཐར་འཁྱོལ་མི་ཚུ་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་ཡང་ སེལ་ཐབས་འབད་ཚུགས་ཏེ་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༢༡ ལུ་ ལཱ་གཡོག་༧,༠༨༥ ལས་ ན་ཧིང་༦༡,༧༠༠ དེ་ཅིག་ ཡར་སེང་སོང་ནུག།
སྤྱིར་བཏང་ ལག་ཤེས་དང་རིག་རྩལ་གོང་འཕེལ་མཐར་འཁྱོལ་མི་ ལཱ་གོཡག་ཐོབ་མི་ ཚད་གཞི་དེ་ སྤྱི་ལོ་༢༠༢༢ ལུ་ བརྒྱ་ཆ་༩༣ ཡོད་མི་ལས་ སྤྱི་ལོ་༢༠༢༣ ལུ་ ལཱ་གཡོག་ཐོབ་པའི་ ཚད་གཞི་དེ་ བརྒྱ་ཆ་༩༤.༣ ལུ་ ཡར་འཕར་སོང་ཡོདཔ་ཨིན་པས།
ཨིན་རུང་ ལག་ཤེས་དང་རིག་རྩལ་མཐར་འཁྱོལ་མི་ ལས་མིའི་ཚད་གཞི་དེ་ ཉུང་སུ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༢ ལུ་ བརྒྱ་ཆ་༢.༥ དང་ སྤྱི་ལོ་༢༠༢༣ ལུ་ བརྒྱ་ཆ་༡༦.༩ ཡོདཔ་ཨིན་པས།
ལས་མི་རིག་རྩལ་གོང་འཕེལ་གཏང་ནིའི་དོན་ལས་ རྩ་འགེངས་ཡོད་རུང་ ནང་འཁོད་ཀྱི་ ལས་མི་མང་ཤོས་ཅིག་ལུ་ ཤེས་ཡོན་བལྟ་སྟེ་མེདཔ་བཞིན་དུ་ བརྒྱ་ཆ་༣༣.༡ དང་ གཙུག་ལག་གཞི་རིམ་གྱི་ཤེས་ཚད་ཡན་ཆད་ བརྒྱ་ཆ་༡༠.༣ དེ་ལས་ ལག་ཤེས་དང་རིག་རྩལ་གྱི་ ཌེབ་ལོ་མ་དང་ ཡང་ཅིན་ ལག་ཁྱེར་འཆང་མི་ བརྒྱ་ཆ་༢.༧ ལས་བརྒལ་ མེདཔ་ཨིན་པས།
ཤེས་ཡོན་མེད་མི་ལུ་བརྟེན་ རིག་རྩལ་གྱི་ ལས་མི་མ་ཐོབ་མི་དང་ ལཱ་གི་སྤུས་ཚད་ལུ་ ཐོ་ཕོག་པའི་ཁར་ ཚེ་གཡོག་ཡར་དྲག་གཏང་ནི་གི་ གོ་སྐབས་ཡང་ མི་ཐོབ་དོ་ཡོདཔ་ཨིན་པས།
གནད་དོན་སེལ་ཐབས་ལུ་ ཤེས་རིག་ལྷན་ཁག་གིས་ འཆར་གཞི་༡༣ པའི་ནང་ སྤྱི་ལོ་༢༠༢༩ ནང་འཁོད་ལུ་ ལག་ཤེས་དང་འཕྲུལ་རིག་སྦྱོང་བརྡར་ནང་ ལས་མི་བརྒྱ་ཆ་༥༠ ངོ་སྦྱོར་འབད་ནི་དང་ སྤྱི་ལོ་༢༠༣༣ ནང་འཁོད་ལུ་ བརྒྱ་ཆ་༨༠ ཡར་སེང་འབད་དེ་ ངོ་སྦྱོར་འབད་ནིའི་ དམིགས་གཏད་བཀོད་དེ་ ཡོདཔ་ཨིན་པས།
དམིགས་གཏད་དང་འཁྲིལ་བ་ཅིན་ ངོ་རྐྱང་༩༣,༠༠༠ ལུ་ ལག་ཤེས་དང་རིག་རྩལ་སྦྱོང་བརྡར་ དགོས་མཁོ་ཡོདཔ་མ་ཚད་ འཆར་གཞི་མཇུག་བསྡུ་བའི་ཤུལ་ལས་ ཆེ་རིམ་གྱི་ ཤེས་ཡོན་ཡང་ དགོཔ་ཡོདཔ་ཨིན་པས།
འབྲུག་ལུ་ ན་གཞོན་ལས་མི་བར་ན་ ཤེས་ཡོན་མེད་པའི་ དཀའ་ངལ་ཡོདཔ་ཡོདཔ་བཞིན་དུ་ བརྒྱ་ཆ་༤.༡ ལུ་ གཞི་རྟེན་ཤེས་ཡོན་མེདཔ་ད་ བརྒྱ་ཆ་༧.༩ རྐྱངམ་གཅིག་ གཙུག་ལག་ཤེས་ཡོན་ ཡང་ཅིན་ ཆེ་རིམ་གྱི་ ཤེས་ཡོདཔ་འཆང་སྟེ་ ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ སློབ་གྲྭ་ཆུང་བ་ལས་ འབྲིང་རིམ་གོང་མ་ཚུན ཤེས་ཡོན་རིན་མེད་སྟོང་སྦེ་ བྱིན་དོ་ཡོདཔ་ལས་ གནད་དོན་དེ་ ཚ་གྱང་ཅན་ཅིག་ཨིན་མས་ཟེར་ སྙན་ཞུ་ནང་བཀོད་ནུག།
སྙན་ཞུ་ནང་བཀོད་མིའི་ནང་ ན་གཞོན་ལས་མི་ཚུ་ནང་ ཤེས་ཡོན་དང་འབྲེལ་བའི་ གནས་ཚད་ཉུང་སུ་ཡོད་མི་ལུ་བལྟ་བ་ཅིན་ ཁོང་ཆ་ཁྱབ་ཀྱིས་ ཤེས་ཡོན་དགོ་པའི་ ལཱ་གཡོག་ནང་ འཛུལ་བཞུགས་འབད་ཚུགས་ནི་མས་ཟེར་ཨིན་པས།
དེ་བཟུམ་མའི་ ཁྱད་པར་ཐོན་མི་དེ་གིས་ དངུལ་ཕོགས་མངམ་ ཐོབ་མི་ལཱ་གཡོག་ཚུ་ འཐོབ་ཚུགས་ནི་ཨིན་པའི་ཁར་ མ་འོངས་པ་ལུ་ ཁོང་རའི་ ཚེ་གཡོག་ཡང་ གོང་འཕེལ་གཏང་ནིལུ་ ལཱ་ཁག་གཏང་ནི་མས་ཟེར་ སྙན་ཞུ་ནང་བཀོད་ནུག།
རྒྱལ་སྲུང་གི་ལསས་རིམ་ མཇུག་བསྡུ་བའི་ཤུལ་ལས་ སློབ་རིམ་༡༢ པ་ མཐར་འཁྱོལ་མི་ བརྒྱ་ཆ་༤༠ ལུ་ ལག་ཤེས་དང་རིག་རྩལ་ཤེས་ཡོན་བྱིན་ནི་གི་ དམིགས་གཏད་བསྐྱེད་དེ་ ཡོདཔ་ཨིན་པས།
ཨིན་རུང་ དམིགས་གཏད་འགྲུབ་ནི་ལུ་ དཀའ་ངལ་འབྱུང་ནི་ ཉེན་ཁ་ཡོདཔ་ད་ སྤྱི་ལོ་༢༠༢༤ དང་༢༠༢༩ བར་ན་ ན་གཞོན་གྱི་ མི་རློབས་དེ་ མར་འབབ་འགྱོ་ནི་བཟུམ་ཅིག་ཡོདཔ་ད་ དེ་ཡང་ སྤྱི་ལོ་༡༩༩༠ ལུ་ སྐྱེས་མའི་ཚད་གཞི་ མར་བབས་སོང་མི་དང་ ན་གཞོན་ཚུ་གིས་ ཕྱི་རྒྱལ་ལུ་ ཤེས་ཡོན་དང་ ལཱ་གཡོག་འཚོལ་བར་ འགྱོ་མི་ལུ་བརྟེན་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།