༉ སྤྱི་ལོ་༢༠༡༤ ལུ་ བུམ་ཐང་ལྕམ་མཁར་ཁྲོམ་ལས་ ཀི་ལོ་མི་ཊར་དག་པ་ཅིག་གི་ ས་གནས་ནང་སྡོད་མི་ སྐྱེས་ལོ་༤༣ ལང་མི་ པཱ་དམ་བྷ་དུར་ རའེ་གིས་ ཁོ་རའི་ཁྱིམ་ནང་ གསོ་སྐྱོང་འབད་ནི་གི་དོན་ལུ་ སྦྱང་ཚང་༣ ཉོ་ཡོདཔ་ད་ ཁོ་གི་སེམས་ཁར་ དེང་སང་ལམ་ལུགས་ཐོག་ལུ་ སྦྱང་གི་ཚོང་འབྲེལ་ ལེགས་ཤོམ་འགྱོ་ཚུགས་ནི་ཨིནམ་ ཧ་གོ་ཡོདཔ་ཨིན་པས།
ད་རེས་འབད་བའི་བསྒང་ལས་ ཁོ་ར་ སེར་སྦྱང་གསོ་སྐྱོང་འབད་ནིའི་ལཱ་འབད་དེ་ སྦྱང་བ་ཚུད་ཡོདཔ་ད་ ཁོ་ལུ་ སྦྱང་ཚང་༦༠ཡོདཔ་ཨིན་པས།
འབྲུག་སེར་སྦྱང་གསོ་སྐྱོང་མཉམ་འབྲེལ་ལས་ འཐུས་མི་གིས་ སྐྱིན་འགྲུལ་དུམ་གྲ་ཅིག་ ལེན་ཐོག་ལས་ པཱ་དམ་གྱིས་ གསོ་སྐྱོང་འགོ་བཙུགས་ཡོདཔ་ད་ ད་རེས་ འབྲུག་གི་སྦྱང་ཟེར་མི་དེ་ ཁོ་གི་ གསོ་སྐྱོང་ཁང་ནང་ལས་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
ཚོང་འབྲེལ་ལུ་ དོ་འགྲན་སྦོམ་བྱུང་པའི་ཁར་ ནད་ཡམས་ལུ་བརྟེན་ སྒོ་བསྡམས་ཡོདཔ་བཞིན་དུ་ ད་རེས་འཕྲལ་ཁམས་ལུ་ ཚོང་འབྲེལ་དེ་ ལོག་འགོ་བཙུགས་ཡོདཔ་ཨིན་པས།
པཱ་དམ་གྱི་ སེར་སྦྱང་གསོ་སྐྱོང་ཁང་དེ་ ལོ་གཅིག་གི་རིང་ ལག་ལེན་འཐབ་དགོཔ་ལས་ ཁོ་གིས་ ལས་བྱེདཔ་༣ དང་༥ གི་བར་ན་ བཙུགས་ཐོག་ལས་ ལཱ་འབད་དོ་ཡོད་མི་དེ་ཡང་ མང་ཤོས་ར་ སྦྱང་བཟོ་བའི་དུས་ཚོད་ཁར་ སློབ་ཕྲུག་ཚུ་ བཙུགས་དོ་ཡོདཔ་ཨིན་པས།
ན་ཧིང་གི་ལོ་ལུ་ སྦྱང་གི་ཐོན་སྐྱེད་དེ་ ཉུང་སུ་ཅིག་མ་གཏོགས་མ་ཐོནམ་ད་ དུས་ཅི་ མཁོ་མངགས་འབད་མི་ མངམ་ཐོན་ཡོདཔ་ལས་ སྦྱང་ལེགས་ཤོམ་སྦེ་ ཐོན་སྐྱེད་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
པཱ་དམ་གྱིས་ སེར་སྦྱང་གསོ་སྐྱོང་གི་དོན་ལུ་ ཅ་ཆས་ཚུ་མཁོ་སྒྲུབ་འབདཝ་ད་ དངུལ་ཀྲམ་༡༥,༠༠,༠༠༠ཟད་འགྲོ་བཏང་ཡོདཔ་ཨིན་པས།
ན་ཧིང་གི་ལོ་ལུ་ པཱ་དམ་གྱིས་ སྦྱང་ཀེ་ཇི་༨༠༠བསྡུ་ལེན་འབད་མི་གིས་ སྦྱང་ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༥༠རེ་སྦེ་བཙོངམ་ད་ དངུལ་ཀྲམ་༥༠༠,༠༠༠འོང་འབབ་བཟོ་ཡོདཔ་ཨིན་པས།
ཁོ་རའི་ དུས་རྒྱུན་གྱི་ཚོང་འབྲེལ་བ་ཚུ་ མ་བརྩིས་བར་ ལོ་རེ་ནང་ ལྟ་བཤལཔ་༥༠དེ་རེ་ འོང་དོ་ཡོདཔ་ད་ ལྟ་བཤལ་ངོ་ཚབ་ཚུ་གིས་ བདེ་སྒྲིག་འབད་ཐོག་ལས་ ལྟ་བཤལཔ་ཚུ་ གསོ་སྐྱོང་ཁང་ནང་ ལྟ་རྟོག་དང་ ལྷབ་སྦྱང་འབད་བར་ འོང་དོ་ཡོདཔ་ཨིན་པས།
སྦྱང་བཟོ་ནི་གི་ དུས་ཚོད་ངོ་མ་དེ་ སྤྱི་ཟླ་༥ པ་ལས་འགོ་བཙུགས་ ཟླ་༧ པ་ཚུན་ཨིན་ཟེར་ཨིན་པས།
པཱ་དམ་གྱིས་འབད་བ་ཅིན་ སྦྱང་ཚང་རེ་གིས་ སྦྱང་ཀེ་ཇི་༥༠དེ་རེ་ བཏོན་ཚུགས་པས་ཟེར་ཨིནམ་ད་ སྦྱང་ཚང་སྐྱོ་ཤོས་ཚུ་གིས་འབད་རུང་ ལོ་རེ་ནང་ ཉུང་ཤོས་སྦྱང་ཀེ་ཇི་༢༠དེ་རེ་ ཐོན་སྐྱེད་འབད་ཚུགས་ཟེར་ཨིན་པས།
ཚོང་འབྲེལ་དེ་ ཁེ་སང་ལེགས་ཤོམ་ཡོད་པའི་ ཚོང་འབྲེལ་ཅིག་འབདཝ་ལས་ གཞུང་གི་ཁ་ཐུག་ལས་འབད་རུང་ སོ་ནམ་པ་ཚུ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ད་ ཐོན་སྐྱེད་ཚུ་ བར་ཚོང་འཐབ་མི་ཚུ་གིས་ ལོ་བསྟར་བཞིན་དུ་ ཕྱིར་ཚོང་དང་ ནང་འཁོད་ཚོང་འབྲེལ་ཚུ་ ཡར་སེང་འབད་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ སྦྱང་གི་ཐོན་སྐྱེད་དེ་ སྤྱི་ལོ་༢༠༢༣ ལུ་ བརྒྱ་ཆ་༡༢ ཡར་སེང་སོང་མི་གིས་ སྤྱི་ལོ་༢༠༢༢ ལུ་ སྦྱང་མེ་ཊིག་ཊཱོན་༣༧.༢ ཐོན་སྐྱེད་འབད་མི་དང་ཕྱདཔ་ད་ ན་ཧིང་ སྦྱང་མེ་ཊིག་ཊཱོན་༤༡.༨ ཐོན་སྐྱེད་འབད་ཡོདཔ་ཨིན་པས།
སྦྱང་ཐོན་སྐྱེད་འབད་མི་ཚུ་གི་གྲས་ལས་ བསམ་རྩེ་དང་ བུམ་ཐང་ གསར་སྤང་རྫོང་ཁག་ཚུ་གིས་ ཐོན་སྐྱེད་མང་སུ་འབད་དོ་ཟེར་ཨིན་པས།
སྤྱི་ལོ་༢༠༢༢ ལུ་ སྦྱང་ཚང་༦,༣༤༢ དང་ཕྱདཔ་ད་ སྤྱི་ལོ་༢༠༢༣ ལུ་ སྦྱང་ཚང་༡༨,༥༢༣ ལུ་ ཡར་སེང་སོང་མི་གིས་ གནས་ཐོ་དང་འཁྲིལ་བ་ཅིན་ སྦྱང་ཚང་༧,༥༠༨ དེ་ཅིག་ ཡར་སེང་སོང་ཡོདཔ་སྦེ་ ཨིནམ་བཞིན་དུ་ དེ་ཚུ་གི་གྲས་ལས་ བརྒྱ་ཆ་༩༢ ནང་འཁོད་ཀྱི་ ཐོན་སྐྱེད་ཚུ་ཨིན་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།