༉ རྫོང་ཁག་ལམ་དང་ ཞིང་ལམ་སེལ་བའི་སྐབས་ ས་ཆ་ལུ་ གནོད་སྐྱོན་རྐྱབ་མི་ཚུ་ལུ་ ས་ཚབ་དང་ རྒུད་འཐུས་སྤྲོད་ནི་གི་ ཐོབ་ལམ་མེདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ རྒྱལ་ཡོངས་ཚེོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ ཁ་སྟོད་-ལ་ཡ་གི་འཐུས་མི་ ལྷ་པ་ལྷ་པ་གིས་ གནད་དོན་དེའི་སྐོར་ལས་ དྲི་དཔྱད་འབད་བའི་སྐབས་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་བློན་པོ་ ཅཱན་ད་ར་ བྷ་དུར་ གུ་རུང་གིས་ ལན་གསལ་སྦེ་ཞུ་ཡི།
འཐུས་མི་ལྷ་པ་ལྷ་པ་གིས་ ཞུ་མིའི་ནང་ སོ་ནམ་ཞིང་ལམ་ལུ་བརྟེན་ མི་སེར་ཚུ་ལུ་ ཁེ་ཕན་སྦོམ་བྱུང་རུང་ སོ་ནམ་ཞིང་ལམ་ གསརཔ་བཏོན་པའི་སྐབས་ ས་ཞིང་ནང་ གནོད་སྐྱོན་སྦོམ་ཕོག་ཡོད་མི་ ཉམས་རྒུདཔ་ སའི་ཇོ་བདག་ཚུ་ལུ་ གཞུང་གི་ཁ་ཐུག་ལས་ ས་ཚབ་དང་ ཡང་ཅིན་ རྒུད་འཐུས་གནང་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་ ལམ་གྱི་གཡས་གཡོན་ལུ་ ཁྱིམ་ཚུ་རྐྱབ་པའི་སྐབས་ གཞུང་གི་བཅའ་ཁྲིམས་དང་ ལམ་ལུགས་ཚུ་ནང་ལམ་གྱི་ ཐོབ་དབང་དེ་ ཕིཊ་༥༠ དགོཔ་སྦེ་ཡོདཔ་ལས་ དེ་གིས་ མི་སེར་ཚུ་ གདོང་ལེན་བྱུང་སྟེ་འདུག་ཟེར་ཞུ་ཡི།
འཐུས་མི་གིས་ གནད་དོན་དེ་ འཕྲལ་མགྱོགས་ར་ བསྐྱར་ཞིབ་འབད་དེ་ ད་ལྟོ་ གཞུང་ལམ་རྒྱ་སྐྱེད་འབད་ཚར་ཞིནམ་ལས་ ཧེ་མ་གི་ ཐོབ་དབང་ལས་ ཕིཊ་༣༠ གུ་ མར་ཕབ་འབད་དགོ་པའི་ ཞུ་བ་འབད་ཡི།
བློན་པོ་ ཅཱན་ད་ར་ བྷ་དུར་ གུ་རུང་གིས་ ཞུ་མིའི་ནང་ རྒྱལ་ཡོངས་འཁོར་ལམ་ བསལ་ནིའི་དོན་ལུ་ མཁོ་སྒྲུབ་འབད་ཡོད་པའི་ ས་ཆའི་རྒུད་འཐུས་ཀྱི་ཐད་ཁར་ ས་ཚབ་དང་ ཡང་ཅིན་ ཏི་རུ་སྦེ་ སྤྲོད་དགོཔ་ཨིན་རུང་ རྫོང་ཁག་ལམ་དང་ ཞིང་ལམ་བཟོ་སྐྲུན་འབད་ནིའི་དོན་ལུ་ ས་ཆ་མཁོ་སྒྲུབ་ཡོད་མི་ཚུ་ རྒུད་འཐུས་ཀྱི་ ཐོབ་ལམ་མེད་ཟེར་ཨིན་པས།
དེ་ཡང་ ལམ་དེ་ཚུ་ གྲོང་གསེབ་ཀྱི་ མི་སྡེ་ཚུ་གི་ དགོས་མཁོ་དོན་ལུ་ བསལ་ཡོདཔ་ལས་ གནོད་སྐྱོན་འབྱུང་ཡོད་པའི་ རྒྱུ་དངོས་ག་ར་གི་ རྒུད་འཐུས་སྤྲོད་དགོ་པ་ཅིན་ གཞུང་ལུ་ དངུལ་འབྲེལ་ལུ་ འབྱེམ་སྦོམ་སྦེ་ར་ ཕོག་ནི་ལུ་བརྟེན་ཨིན་ཟེར་ བློན་པོ་གིས་ཞུ་ཡི།
ཨིན་རུང་ ལམ་གྱི་བཅའ་ཁྲིམས་༢༠༡༣ ཅན་མ་དེ་ ད་ལྟོ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ལས་ རྒུད་འཐུས་ཀྱི་གནས་སྟངས་ཚུ་ཡང་ བལྟ་དགོཔ་ཡོད་ཟེར་ཞུ་ཡི།
བློན་པོ་གིས་ ལམ་གྱི་ཐོབ་དབང་ས་ཁོངས་དེ་ འཁོར་ལམ་ལག་ལེན་འཐབ་མི་ཚུ་གི་ ཉེན་སྲུང་དང་ མ་འོངས་པའི་ནང་ འཁོར་ལམ་རྒྱ་སྐྱེད་དང་ ཡང་ཅིན་ ཡར་དྲག་གཏང་ནི་གི་དོན་ལུ་ གལ་ཅན་ཅིག་ཨིན་ཟེར་ཞུ་ཡི།
འབྲུག་གི་ལམ་གྱི་བཅའ་ཁྲིམས་༢༠༡༣ ཅན་མ་དང་འཁྲིལ་བ་ཅིན་ ལམ་གྱི་ཐོབ་དབང་ས་ཁོངས་ཀྱི་ ཚད་གཞི་དེ་ རྒྱལ་ཡོངས་གཞུང་ལམ་གྱི་དོན་ལུ་ ཕིཊ་༥༠ དང་ འབྲུག་གི་ལམ་གྱི་བཅའ་ཡིག་དང་སྒྲིག་གཞི་༢༠༡༦ ཅན་མའི་ནང་ རྫོང་ཁག་ལམ་དང་ ཞིང་ལམ་གྱི་དོན་ལུ་ ཕིཊ་༣༠ དང་ ཕིཊ་༢༠ རེ་ བཞག་དགོཔ་སྦེ་ཡོད་ཟེར་ བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement