༉ དུས་ཚོད་འ་ནེམ་ཅིག་ཁར་ གྲོང་གསེབ་ནང་སྡོད་མི་ མིར་སེར་ཚུ་ སྤྱག་སྡུག་ཐབས་པའི་ ནམ་དུས་འབདཝ་ལས་ ཁྱིམ་ཚང་ནང་འཁོད་ལུ་ ཕན་ཚོན་འཐབ་འཛིང་དང་འབྲེལབའི་ གདོང་ལེན་འབྱུངམ་ཨིན།
དེ་ཡང་ ད་རེས་ནངས་པར་ ག་ནི་བ་ཁག་ཆེ་བའི་ དུས་ཅིག་འབད་ནི་དེ་གིས་ མི་སེར་ཚུ་ ག་ར་ལཱ་སར་འགྱོ་དོ་ཡོད་རུང་ ཁོང་གི་ རེ་འདོད་དང་བསྟུན་ གནམ་གཤིས་ཀྱི་གནས་སྟངས་ཚུ་ མནོ་དོན་ལྟར་ འགྲུབ་མ་ཚུགས་པའི་བསྒང་ལས་ ནང་འཁོད་ལུ་ བྲེལ་ཟིང་ཐབས་དགོཔ་ཐོནམ་མས།
ག་འཆརཔ་ཟེར་བ་ཅིན་ དུས་ཚོད་དེ་ཁར་ ལྕང་ལཱ་རྐྱབ་པའི་དུས་ཚོད་ཅིག་ འབད་ནི་དེ་གིས་ གཡུས་མི་ཚུ་ ཆུ་གཡུར་ལེགས་ཤོམ་ཡོད་མི་ཚུ་ རང་སོའི་ གཡུས་སྒོའི་ལམ་ལུགས་དང་འཁྲིལ་ གཡུར་བ་སེལ་ ཆུའི་སྐོར་རྒྱབ་བཟོ་ཐོག་ལས་ ཕན་ཚུན་འཆམ་མཐུན་གྱི་སྒོ་ལས་ ལྕང་ལཱ་དེ་ གོརིམ་བཞིན་དུ་ རྐྱབ་དོ་ཡོད་རུང་ ས་གནས་མང་ཤོས་ཅིག་ནང་ ཞིང་ཆུ་ལང་མ་ཚུགས་པའི་ གདོང་ལེན་དེ་ ཐོན་བཞིན་པ་སྦེ་ཡོདཔ་ལས་ སྤྱག་སྡུག་ཐབས་དགོ་པའི་ དུས་ཚོད་ཅིག་སྦེ་འདུག།
སྤྱིར་བཏང་ དམངས་གཙོའི་གཞུང་ འགོ་བཙུགས་ཞིནམ་ལས་ཚུར་ མི་སེར་ཚུ་ བློ་བདེ་སྟེ་ སྡོད་ཡོདཔ་ཨིན་རུང་ སྤྱ་གི་མནོ་སར་ ཤིང་གིས་འགུགས་མ་བཏུབ་མི་ལུ་བརྟེན་ ད་ལྟོའི་བར་ན་ཡང་ དཀའ་ངལ་དེ་ དཀའ་ངལ་སྦེ་ར་ ལུས་སོ་ནུག།
མི་སེར་ཚུ་གི་སེམས་ཁར་ ཧེ་མ་ གཞུང་འགོ་ཐོག་ དབུ་བརྙེས་པའི་སྐབས་ལས་ར་ ཁས་བླངས་གསལ་བསྒྲགས་ནང་ གཡུས་ཁ་ལུ་ ཕན་ཐོགས་པའི་ ཞིང་ཆུ་དང་ འཐུང་ཆུ་ སྣུམ་འཁོར་ལམ་ གློག་མེ་ སློབ་གྲྭ་ སྨན་ཁང་ཚུ་ ག་ནི་བ་གལ་ཆེ་བའི་ གཙོ་རིམ་ཅན་སྦེ་ཡོདཔ་ལས་ གལ་སྲིད་ གཞུང་ག་གིས་ར་ཐོབ་རུང་ འདི་ཚུ་དོན་དང་ལྡནམ་སྦེ་ བཟོ་ནི་ཨིན་ཟེར་བའི་ ཁས་བླངས་གསལ་བསྒྲགས་དེ་ མ་བཏུབ་བཏུབ་སྦེ་ འབདཝ་ད་ ག་ར་བློ་བདེཝ་ཨིན་མས།
ཨིན་རུང་ གཞུང་དང་པ་གིས་ ལཱ་ཚུ་ཧ་ལམ་གྲུབ་མ་ཚུགས་པར་ ལུས་པའི་ནམ་དུས་ལས་ར་ ཁོང་ར་ ལོ་ལྔའི་གནས་ཡུན་ཚང་སོཔ་ལས་ ད་རུང་ ཁས་བླངས་གསལ་བསྒྲགས་ནང་ ཧེ་མའི་ཁས་བླངས་གསལ་བསྒྲགས་ལྟར་དུ་ འགྲུབ་མ་ཚུགས་པར་ ལྷག་ལུས་ཡོད་མི་ཚུ་ འཕྲོ་མཐུད་འབད་ནི་ཨིན་ཟེར་བའི་ སེམས་ལྷུ་ནིའི་ དཔའ་བཅམ་འབད་རུང་ མི་སེར་ཚུ་གིས་ གཞུང་དེ་ལུ་བློ་གཏད་ཚུགསཔ་ཅིག་མིན་འདུག་ཟེར་བའི་ དོགས་ཟོན་ཐོག་ གཞུང་གཉིས་པ་དེ་ གསརཔ་བཙག་འཐུ་འབད་ཡི།
གཞུང་གཉིས་པའི་སྐབས་ལུ་འབད་རུང་ དང་པ་ གནད་དོན་གལ་ཅན་ཚུ་ ཧ་གོ་མ་ཚུགས་ ཤུལ་ལས་ཧ་གོ་བའི་བསྒང་ལས་ གཞུང་རྩ་གྲོལ་འགྱོ་ནི་ལུ་ དུས་ཚོད་ལེ་ཤ་མེདཔ་ལས་ ཆུ་དང་རྡུལ་མ་ དམའ་སར་འབུད་དོ་བཟུམ་སྦེ་ར་ ལུས་སོ་ནུག།
ཨིན་རུང་ གཞུང་གསུམ་པ་བཙག་འཐུ་འབད་དེ་ བློ་གཏད་ཧིང་གཏད་ཅན་སྦེ་ སྡོད་པའི་ནམ་དུས་ལུ་ར་ གཞུང་དབུ་བརྙེས་ཏེ་ དུས་ཡུན་ལེ་ཤ་མ་སོངམ་ལས་ ནད་ཡམས་ཀོ་བིཌ་ཟེར་མི་ ཐོན་མི་གིས་ གཞུང་ལུ་ཡོད་པའི་ འཆར་དངུལ་ཚུ་ ག་ར་དེ་ཁར་རྫོགས་ཏེ་ འཆར་གཞི་ལཱ་ཚུ་ ག་ནི་ཡང་གྲུབ་མ་ཚུགས་པར་ ཧད་འཕུལ་སའི་ ས་གོ་མེདཔ་ཅིག་སྦེ་ གཞུང་རྩ་གྲོལ་འགྱོ་དགོ་པའི་ དུས་ཚོད་ཁར་ལྷོད་ཅི།
ཕན་ཚུན་གཞུང་གསུམ་གྱི་ གནས་ཡུན་ཚང་སྟེ་འབདཝ་ད་ མི་སེར་ཚུ་ གཞུང་ལུ་རེ་བ་དང་ རེ་མཆི་བསྐྱེད་དེ་ར་ ལོ་༡༥ ལྷག་སོ་རུང་ རེ་བ་དང་ རེ་མཆི་དེ་ སེམས་ཀྱིས་མནོ་སྡོད་ནི་མ་གཏོགས་ དོན་དངོས་སུ་ལག་ལེན་ནང་ ལྷོད་མ་ཚུགས་པར་ ཧམ་ཐལ་སུ་མཚམས་ཅིག་སྦེ་ བཙག་འཐུའི་ལོ་རྒྱུས་སླབ་མི་ཐོནམ་ད་ར་ དེ་ཚུ་ལུ་ ལོ་རྒྱུས་འདྲ་མིན་སྣ་ཚོགས་སླབ་སྟེ་ ཚོགས་པ་ཚུ་ཡང་ མི་སེར་གྱི་དྲིས་བ་བཀོད་པའི་ལན་ སླབ་མ་ཚུགས་པར་ལུས་ཅི།
ལོ་ངོ་༡༥ གི་རིང་ལུ་ ཆུ་གཡུར་གྱི་དཀའ་ངལ་དེ་ བསལ་མ་ཚུགས་པར་ གཡུས་སྒོའི་མི་སེར་ཚུ་ གནམ་བྱཱར་གྱི་ཆརཔ་ལུ་ར་ བརྟེན་སྡོད་དོ་ཡོད་པའི་ ལོ་རྒྱུས་འདྲ་མིན་སྣ་ཚོགས་དེ་ རྒྱང་མཐོང་དང་ མི་སྡེ་བརྡ་བརྒྱུད་ཚུ་ནང་ལས་ཕར་ ཐོན་དང་ཐོན་བཞིན་པ་འདུག།
འདས་པའི་ལོ་ངོ་༡༥ གི་ནང་འཁོད་ལུ་ འཐུང་ཆུའི་དཀའ་ངལ་ ཧ་ལམ་བསལ་ཚུགས་རུང་ ག་ནི་བ་ དགོས་མཁོ་ཅན་གྱི་ ཞིང་ཆུའི་དཀའ་ངལ་དེ་ སེལ་མ་ཚུགས་པར་ ལུས་མི་ལུ་བལྟཝ་ད་ དཀའ་ངལ་དེ་ཚུ་ གལ་སྲིད་ དཀའ་ངལ་སྦེ་ར་ ལུས་སོཔ་འདྲཝ་འབད་བ་ཅིན་ དེ་གིས་ དཔལ་འབྱོར་གྱི་གནས་སྟངས་ནང་ ཐོ་སྦོམ་སྦེ་ར་ ཕོག་སྲིད་ནི་མས།
དཔལ་འབྱོར་ཡར་རྒྱས་བཏང་ནི་ལུ་ སོ་ནམ་ལུ་བརྟེན་དགོ་མི་དང་ སོ་ནམ་གྱི་ལཱ་ ག་ཅི་ར་འབད་རུང་ ཞིང་ཆུ་དེ་ མེད་ཐབས་མེདཔ་ཅི་འབདཝ་ལས་ རྟེན་དང་བརྟེན་པའི་སྒོ་ལས་ ཞིང་ཆུ་དེ་ གནམ་བྱཱར་གྱི་ ལྕང་ལཱ་རྐྱབ་ནི་རྐྱངམ་གཅིག་གིས་ མ་དོ་བར་ ཚོད་བསྲེ་འཛུགས་སྐྱོང་གི་རིགས་ ག་ཅི་གི་ཐད་ལས་འབད་རུང་ ཞིང་ཆུ་དེ་མེད་པ་ཅིན་ འབད་ཐབས་མེདཔ་ལས་ གཙོ་རིམ་འགྲིགས་དགོཔ་བཟུམ་མཐོང་མས།
ཁས་བླངས་གསལ་བསྒྲགས་དང་བསྟུན་ གྲུབ་འབྲས་མཐར་འཁྱོལ་ བྱུང་ཚུགསཔ་འདྲཝ་འབད་བ་ཅིན་ མ་འོངས་ན་གཞོན་དང་ དཔལ་འབྱོར་ལུ་ ཕན་དེ་གིས་ར་ ཐོགས་ནི་བཟུམ་འདུག།

Advertisement