༉ ད་རེས་ གློག་ཤུགས་མེ་ག་ཝཱཊ་༡,༠༢༠ འབད་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ ལཱ་བརྒྱ་ཆ་༩༧ དེ་ཅིག་ མཇུག་བསྡུ་ཡོདཔ་ལས་ དུས་ཅི་ སྤྱི་ཟླ་༨ པ་ལས་ གློག་ཤུགས་ཐོན་སྐྱེད་ འགོ་བཙུགས་བཟུམ་ཅིག་ཡོདཔ་ཨིན་པས།
ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་དང་འཁྲིལ་བ་ཅིན་ གལ་སྲིད་ ག་ར་འཆར་གཞི་དང་འཁྲིལ་ཏེ་འགྱོ་བ་ཅིན་ སྤྱི་ཟླ་༨ པའི་ནང་འཁོད་ལུ་ གློག་ཤུགས་ཡུ་ནིཊ་༢ ལས་ གློག་ཤུགས་ཐོན་སྐྱེད་འབད་ནིའི་ ལས་རིམ་ཡོདཔ་ད་ ཡུ་ནིཊ་གཞན་༤ གིས་ དུས་ཅི་གི་ ལོ་མཇུག་ལས་ གློག་ཤུགས་ཐོན་སྐྱེད་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ནང་ ཡུ་ནིཊ་རེ་ལུ་ གློག་ཤུགས་ཡུ་ནིཊ་༡༧༠ རེ་བརྩིས་ཏེ་ ཡུ་ནིཊ་བསྡོམས་༦ ཡོདཔ་ད་ ད་རེས་ སྤྱི་ཟླ་༨ པའི་ནང་ ཡུ་ནིཊ་༢ ལག་ལེན་འཐབ་ནི་ འགོ་བཙུགས་ནི་ཨིན་མི་ལུ་ ཡུ་ནིཊ་བསྡོམས་༣༤༠ འོང་ནི་ཨིན་པས།
ཡུ་ནིཊ་༦ པོ་ཆ་རའི་ ལག་ལེན་འགོ་བཙུགས་པ་ཅིན་ ལོ་བསྟར་ གློག་ཤུགས་ཡུ་ནིཊ་ས་ཡ་༤,༣༥༧ ཐོན་སྐྱེད་འབད་ཚུགས་ནི་ཨིན་པས།
ལྷན་ཁག་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལས་འགུལ་ནང་ བཟོ་སྐྲུན་དང་འབྲེལ་བའི་ གདོང་ལེན་ཚུ་བྱུང་མི་ལུ་བརྟེན་ ལཱ་ཚུ་བསྣར་འགྱངས་སྦེ་ ལུས་ཡོདཔ་ད་ དུས་ཚོད་ཁར་ ལཱ་འབད་མ་ཚུགས་པའི་ གནད་དོན་གཅིགཔོ་དེ་ ཀོ་བིཌ་-༡༩ ལུ་བརྟེན་ ལོ་༢ དེ་ཅིག་ ལཱ་གི་ གྲུབ་འབྲས་ལུ་ ཐོ་ཕོག་ཅི་ཟེར་ཨིན་པས།
རྒྱལ་ཁབ་ནང་ འགྲོ་འགྲུལ་བཀག་དམ་གྱི་ ཐབས་ཤེས་བཏོན་པའི་ཤུལ་ལས་ ལས་འགུལ་གྱིས་ ལཱ་འབད་ནི་འགོ་བཙུགས་ཡོདཔ་ད་ ལཱ་ཤུགས་བཏོན་དགོ་པའི་ གྲུབ་འབྲས་བརྒྱ་ཆ་༩༧ དེ་ཅིག་ མཇུག་བསྡུ་སྟེ་ཡོད་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
གློག་མེ་ལས་འགུལ་གྱི་ བཟོ་སྐྲུན་དེ་ སྤྱི་ལོ་༢༠༢༠ ལས་ འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༧ ལུ་ མཇུག་བསྡུ་དགོཔ་ཨིན་རུང་ སྤྱི་ལོ་༢༠༡༦ ལུ་ ཆུ་རུད་སྦོམ་ཅིག་ ཐོན་པའི་ཤུལ་ལས་ གློག་མེ་འཕྲུལ་ཁང་རྐྱབ་ནི་ལུ་ འབྱེམ་ཕོག་ཡོདཔ་ཨིན་པས།
འོང་འབབ་ཐོན་སྐྱེད་ཐད་ལུ་ འགོ་དཔོན་གྱིས་ སླབ་མིའི་ནང་ རྒྱ་གར་གཞུང་དང་ སྤྱོད་ཁྲལ་སྐོར་ལས་ གྲོས་བསྟུན་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ལས་འགུལ་མཇུག་བསྡུ་བའི་ཤུལ་ལས་ ཟད་འགྲོ་དེ་ དངུལ་ཀྲམ་ཐེར་འབུམ་༩༤.༤༦ དེ་ཅིག་ གནས་ནི་བཟུམ་ཅིག་ཡོདཔ་ད་ འགོ་དཔོན་དང་འཁྲིལ་བ་ཅིན་ ད་ཚུན་ལུ་ ལས་འགུལ་གྱི་ དངུལ་འབྲེལ་གྲུབ་འབྲས་དེ་ བརྒྱ་ཆ་༩༠ ཡོད་ཟེར་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ དངུལ་འབྲེལ་ཐབས་ལམ་དེ་ བརྒྱ་ཆ་༣༠ གྲོགས་རམ་དང་ བརྒྱ་ཆ་༧༠ རྒྱ་གར་གཞུང་ལས་ སྐྱིན་འགྲུལ་ཐོག་ལུ་ རྐྱབ་དོ་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༣ པ་ཚུན་ཚོད་ གློག་མེ་དང་འབྲེལ་བའི་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༡༦༧.༥ འབདཝ་ད་ ཕྱིའི་བུ་ལོན་(དངུལ་ཀྲམ་ཐེར་འབུམ་༢༦༡.༡༢) ཡོངས་བསྡོམས་ལས་ བརྒྱ་ཆ་༦༤.༡ བརྩིས་ཨིན་པས།
དངུལ་རྩིས་ལྷན་ཁག་དང་འཁྲིལ་བ་ཅིན་ གློག་མེ་བུ་ལོན་ཚུ་ གློག་མེ་ལུ་བརྟེན་ སྐྱིན་འགྲུལ་བཏབ་ཚུགས་ནི་ཨིནམ་ལས་ ཉེན་ཁ་དེ་ཅིག་མེདཔ་སྦེ་ ངོས་ལེན་འབད་དོ་ཡོདཔ་ཨིན་པས།
གློག་ཤུགས་ཕྱིར་ཚོང་སྤྱོད་ཁྲལ་དེ་ ལས་འགུལ་གྱི་ སྤྱིར་བཏང་བུ་ལོན་བཏབ་དགོ་པའི་ ཟད་འགྲོའི་ཚོད་རྩིས་དང་འཁྲིལ་ཏེ་ རྩིས་རྐྱབ་དོ་ཡོདཔ་ད་ དེ་གིས་ གློག་ཤུགས་བཙོང་སྟེ་ སྐྱིན་ཚབ་ལངམ་སྦེ་བཏབ་ནི་ལུ་ ངེས་བརྟན་འབད་དོ་ཡོདཔ་ཨིན་པས།
གློག་མེ་ལས་འགུལ་ག་ར་ རང་བཞིན་ཉེན་ཁ་ལས་ ཉེན་བཅོལ་དང་ ཉེན་བཅོལ་ལོག་འབད་དེ་ཡོདཔ་ད་ ཉེན་བཅོལ་མ་འབད་མི་ བུ་ལོན་དེ་ ཆུ་དང་འབྲེལ་བའི་ ཉེན་ཁ་ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་དང་འཁྲིལ་བ་ཅིན་ གློག་མེ་ལས་འགུལ་ཚུ་ ཚོང་འབྲེལ་འཐབ་ནི་ འོས་འབབ་སྦོམ་ཡོདཔ་བཞིན་དུ་ ཕྱིར་ཚོང་འཐབ་ནིའི་ ཚོང་ལམ་ཡང་ རྒྱ་གར་ལུ་ཡོདཔ་མ་ཚད་ གློག་མེའི་བུ་ལོན་བརྒྱ་ཆ་༩༡.༡ དེ་ རུ་པི་ཐོག་ལུ་ཡོདཔ་ལས་ ཏི་རུ་བརྗེ་སོར་དང་འབྲེལ་བའི་དཀའ་ངལ་ཚུ་ མི་འབྱུང་ནི་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།