༉ འབྲུག་སྲ་ཆས་ཚོགས་སྡེ་འཐུས་མི་གིས་ བཤད་མིའི་ནང་ སྲ་ཆས་ཚུ་འབག་འོང་ནི་ལུ་ སྐྱེལ་འདྲེན་དང་ ལས་བྱེདཔ་མར་ཕབ་འབད་མི་ སྐྱིན་འགྲུལ་ཐོབ་མ་ཚུགས་མི་ ཚུལ་མིན་ཐོག་ལས་ སྲ་ཆས་བཀྲམ་སྤེལ་འབད་མི་ལུ་བརྟེན་ ཚ་གྱང་ཡོད་ལུགས་ཚུ་ སྤྱི་ཟླ་༤ པའི་ཚེས་༣༠ ལུ་ ཐིམ་ཕུག་ལུ་སྦེ་ ཞལ་འཛོམས་འཚོགས་པའི་སྐབས་ལུ་ གསལ་བཤད་འབད་ཡོདཔ་ཨིན་པས།
སྲ་ཆས་བཀྲམ་སྤེལ་བ་ ཆོས་སྒྲོན་གྱིས་ བཤད་མིའི་ནང་ མོ་གི་ཚོང་འབྲེལ་དེ་ ཆུ་དུང་དང་ ཆུ་མཛོད་ཚུ་ཨིནམ་ལས་ སྐྱེལ་འདྲེན་འབད་ནི་ལུ་ ལཱ་ཁག་བཏང་དོ་ཡོད་མི་དེ་ཡང་ འབྲུག་བཟོ་སྐྲུན་དང་ སྐྱེལ་འདྲེན་དབང་འཛིན་གྱི་ སྒྲིག་གཞི་དང་བསྟུན་ སྣུམ་འཁོར་ཚུ་ནང་ མཐོ་ཚད་ཚོད་སྙོམས་ཐོག་དགོ་མི་གིས་ སྣུམ་འཁོར་བོ་ལི་རོ་པིག་ཨཔ་ ལག་ལེན་འཐབ་མི་དེ་ གདོང་ལེན་འདུག་ཟེར་ཨིན་པས།
འབྲུག་བཟོ་སྐྲུན་དང་ སྐྱེལ་འདྲེན་དབང་འཛིན་དང་འཁྲིལཝ་ད་ སྣུམ་འཁོར་ ཆེ་བ་དང་ བར་མའི་དོས་ཚད་ ཚད་གཞི་མཐོ་ཤོས་དེ་ ཁོང་རའི་ཀེ་བིན་གྱི་ གནས་རིམ་ཚུན་མ་གཏོགས་ འདི་ལས་མཐོཝ་སྦེ་ མི་ཆོག་ནི་དེ་གིས་ཨིན་པས།
དབང་འཛིན་གྱིས་ ཉེན་བརྡ་འབད་མི་དེ་ཡང་ སྒྲིག་གཞི་དང་འཁྲིལ་ ཉེས་ཆད་ཚུ་བཀལ་ནི་ཨིནམ་ལས་ སྣུམ་འཁོར་སྤྱོད་མི་ཚུ་ལུ་ དུས་ཅི་ལོའི་ཟླ་༨ པའི་ཚེས་༣༠ གི་ནང་འཁོད་ལུ་ མཐོ་ཚད་ཀྱི་ཚད་གཞི་ བཟོ་བཅོས་འབད་དེ་ཡོད་མི་ཚུ་ ཤུབ་དགོཔ་སྦེ་ བཀོད་རྒྱ་བྱིན་ཡོདཔ་ཨིན་པས།
ཆོས་སྒྲོན་གྱིས་ བཤད་མིའི་ནང་ ཉེན་སྲུང་གི་ གནད་དོན་དང་བསྟུན་ དོས་ཆས་ཚུ་ བོ་ལི་རོ་ནང་ སྐྱེལ་འདྲེན་འབདཝ་ད་ སྲ་ཆས་ཀྱི་ཚོང་མགྲོན་པ་ཚུ་ལུ་ ཉེས་ཆད་ཕོག་པའི་ཁར་ འདི་དང་བསྟུན་པའི་འཐུས་ཚུ་ཡང་ ཕོག་ཅི་ཟེར་ཨིནམ་ད་ འཐུས་མི་ཚུ་གིས་ འབད་བ་ཅིན་ གཞུང་གིས་ སྲ་ཆས་ཀྱི་དོས་འབག་ནི་ལུ་ དུས་ཚོད་ཅིག་ བཟོ་སྟེ་འབད་བ་ཅིན་ བཏུབ་ནི་མས་ཟེར་ཨིན་པས།
འབྲུག་སྲ་ཆས་ལས་སྡེའི་གཙོ་འཛིན་ འཕྲིན་ལས་རྡོ་རྗེ་གིས་ བཤད་མིའི་ནང་ ལས་བྱེདཔ་མར་ཕབ་འབད་མི་ལུ་བརྟེན་ གལ་སྲིད་ ལས་བྱེདཔ་ཚུ་ སྲ་ཆས་ཚོང་པ་གཞན་ནང་ འཛུལ་དགོཔ་འདྲཝ་འབད་བ་ཅིན་ ཧེ་མའི་སྲ་ཆས་ཇོ་བདག་ལས་ ཉོགས་མེད་ལག་ཁྱེར་ཚུ་ དགོཔ་འདུག་ཟེར་ཨིན་པས།
གཞན་ཡང་ འཐུས་མི་ཚུ་གིས་ བཀོད་མིའི་ནང་ རྒྱ་གར་གྱི་མཉམ་འབྲེལ་ཚོངང་པ་ཚུ་གིས་ འབྲུག་པའི་ཆོག་ཐམ་འཆང་མི་དང་ ཡང་ཅིན་ ཁག་འབགཔ་གི་ཐོག་ལུ་ ཅ་ཆས་བཀྲམ་སྤེལ་འབད་མི་དེ་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཡོདཔ་ལས་ འཕྲལ་འཕྲལ་སྦེ་ར་ ལྟ་རྟོག་འབད་དགོཔ་འདུག་ཟེར་ཨིན་པས།
ད་རུང་ འཐུས་མི་ཚུ་གིས་ འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ ཚོང་འབྲེལ་གྱི་དོན་ལུ་ མགྱོནམོ་འབོ་ནི་དེ་ སྒོ་ཡངས་སུ་བཟོ་དགོ་པའི་ཁར་ འདི་གུ་ལུ་ ཁྲིམས་དམ་དྲག་མེདཔ་ད་ དུས་ཚོད་ནང་ ཚད་གཞི་མ་བཟོ་བའི་ཁར་ ལོ་གཅིག་ཁར་ ཚར་ག་དེམ་ཅིག་ འོང་རུང་འོང་ཆོགཔ་སྦེ་ བཟོ་བ་ཅིན་ འདི་ཚུ་གིས་ ཁེ་ཕན་བྱུང་ཚུགས་ཟེར་ཨིན་པས།
ཚོགས་སྡེ་གིས་ བཟོ་གྲྭ་ཚོང་འབྲེལ་དང་ ལས་མི་ལྷན་ཁག་ལུ་ གནད་དོན་འདི་གི་ཐོག་ལུ་ ཞུ་བ་ལེ་ཤ་འབད་བའི་ཁར་ ལྷན་ཁག་གིས་ ཚོང་འབྲེལ་སྒྲིག་གཞི་གུ་ལུ་ བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།
ཁོང་གིས་ སྲ་ཆས་ཀྱི་ལས་སྡེ་ཚུ་ལུ་ རྒྱབ་སྐྱོར་འབད་ཐོག་ལས་ ཆ་འཇོག་དང་ རྒྱབ་སྐྱོར་ཚུ་འབད་དགོ་པའི་ཁར་ སྐྱིན་འགྲུལ་འཇམ་མཚམས་སྦེ་ ཐོབ་ཚུགས་ནི་དང་ ཨོ་བར་ཌཕ་གི་ཐོག་ལུ་འབད་དགོཔ་འདུག་ཟེར་ཨིན་པས།
སྲ་ཆས་མི་སྡེ་གིས་ ཅ་དམ་གྱི་ཁྲལ་ གོང་འཕེལ་འཐུས་ སྨན་ཆུ་གཏོར་བའི་འཐུས་ དུས་ཐེབས་ཀྱི་འཐུས་ཚུ་ བཀལ་ཏེ་འོང་བའི་བསྒང་ལས་ ནང་འདྲེན་གྱི་ ཅ་ཆས་ཚུ་གི་གོང་ཚད་དེ་ རང་བཞིན་གྱིས་ ཡར་སེང་འགྱོ་དོ་ཡོདཔ་ལས་ ཚ་གྱང་ཡོད་ལུགས་ཚུ་ཞུ་ཡོདཔ་ཨིན་པས།
ཚོགས་སྡེ་གིས་ གནད་དོན་འདི་གི་ཐོག་ལུ་ བཀོད་ཁྱབ་འཐུས་མི་དང་ རྒྱབ་སྐྱོར་གྲོས་འདེབས་ཚུ་ གཞུང་དང་གཅིག་ཁར་ གྲོས་བསྟུན་འབད་ནིའི་འཆར་གཞི་ ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།